ངོ་འཕྲད་བདེ་བའི་དྲ་འབྲེལ།

བྷོ་གྷི་བྷིལ་ལྕགས་ཟམ་ཆེན་མོ་ལེགས་གྲུབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། བདུན་འདིར་རྒྱ་གར་གྱི་དཔལ་འབྱོར་དང་ཚོང་ལས། སྐྱེལ་འདྲེན་དང་འགྲིམ་འགྲུལ། དམག་དོན་བཅས་ལ་ཧ་ཅང་གི་གནད་འགག་ཆེན་པོ་དང་དགོས་མཁོ་ཆེ་བའི་ཟམ་ཆེན་ཞིག་ལེགས་པར་གྲུབ། སྲིད་བློན་ན་རེན་དྷ་ར་མོ་དྷི་གཟའ་མིག་དམར་ཉིན་ཨ་སམ་མངའ་སྡེར་ཕེབས་ནས་བྷོ་གྷི་བྷིལ་ལྕགས་ཟམ་ཆེན་མོ་སྒོ་འབྱེད་བྱས་ཡོད་ཅིང་། བྷོ་གྷི་བྷིལ་ལྕགས་ཟམ་ཐོག་ཏུ་རྒྱ་གར་གྱི་དམག་གི་རླངས་འཁོར་དང་ལྕགས་འཁྲབ་འཁོར་ལོ་རྣམས་རྒྱུག་ཐུབ་ཀྱི་ཡོད་པས་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ཀྱི་དགོས་མཁོ་ཆེན་པོ་ཞིག་གྲུབ་པ་དང་རྒྱ་ནག་གིས་དོགས་ཟོན་ནན་པོ་བྱ་དགོས་པ་ཞིག་ཏུ་གྱུར་འདུག སྔོན་ཆད་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཁག་དང་ཡར་ཀླུང་གཙང་པོའི་ཚུར་ཕྱོགས་སུ་ཡོད་པའི་རྒྱ་གར་གྱི་ས་གནས་ཁག་ལ་ཟམ་ཆེན་འདི་འདྲ་ཞིག་མེད་པར་འགྲིམ་འགྲུལ་དང་སྐྱེལ་འདྲེན། ལྷག་པར་དུ་རྒྱ་ནག་གིས་བོད་ཀྱི་མཐོ་སྒང་ས་ཁུལ་ནས་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཁག་ལ་བཙན་འཛུལ་བྱེད་ཚེ། རྒྱ་གར་གྱི་འཕྲལ་དུ་ས་མཚམས་ཁག་ལ་དམག་དཔུང་འདྲེན་གཏོང་དང་ཡར་ཀླུང་གཙང་པོ་བརྒལ་ནས་བོད་ཀྱི་ས་མཚམས་ཁག་ལ་ལྕགས་འཁྲབ་འཁོར་ལོའི་དཔུང་སྡེ་གཏོང་ཐུབ་ཀྱི་མེད་པ་རེད།།

ཕྱི་ཟླ་༡༢་ཚེས་༢༥་ཉིན་སྲིད་བློན་མོ་དྷིས་སྒོ་འབྱེད་བྱས་པའི་བྷོ་གྷི་བྷིལ་ལྕགས་ཟམ་ཆེན་མོའི་རིང་ཚད་ལ་སྤྱི་ལེ་༤་དང་གྲངས་ཆུང་༩་ཡོད་པ་དང་ཟམ་ཆེན་འདི་འཛུགས་སྐྲུན་བྱེད་པར་རྒྱ་གར་གཞུང་གིས་ཨ་སྒོར་དུང་ཕྱུར་༨་ལྷག་གི་འགྲོ་གྲོན་བཏང་འདུག ཐོག་མར་༡༩༩༦་ལོར་རྒྱ་གར་གྱི་སྐབས་དེའི་སྲིད་བློན་ཌི་ཝྭི་ཌི་གྷའོ་དྷའི་དུས་སུ་ཟམ་ཆེན་འཛུགས་སྐྲུན་བྱ་དགོས་པའི་ཐག་བཅད། ༢༠༠༢་ལོར་སྐབས་དེའི་རྒྱ་གར་གྱི་སྲིད་བློན་ཨ་ཐལ་བྷི་ཧ་རི་ཝྭ་ཇི་པ་དབྱིས་ཟམ་ཆེན་གྱི་རྨང་རྡོ་བརྩིགས། དེ་ནས་ལོ་༡༦་གི་རིང་ལ་རྒྱ་གར་གཞུང་གིས་བྷོ་གྷི་བྷིལ་ལྕགས་ཟམ་ཆེན་མོ་འཛུགས་སྐྲུན་གྱི་ལས་གཞི་གཉེར།།

སྲིད་བློན་མོ་དྷིས་ཟམ་ཆེན་སྒོ་འབྱེད་ཀྱི་མཛད་སྒོའི་ཐོག་ཏུ་བྷོ་གྷི་བྷིལ་ཟམ་ཆེན་ནི་སྤྱི་བཏང་གི་ཟམ་པ་ཞིག་མིན། འདི་ནི་རྒྱ་གར་གྱི་བྱང་ཤར་ཕྱོགས་སུ་ཆགས་པའི་ཨ་སམ་དང་ཨ་རུ་ན་ཅལ་མངའ་སྡེ་སོགས་ཀྱི་མི་དམངས་འབུམ་ཕྲག་མང་པོའི་བདེ་འཇགས་སྲུང་སྐྱོབ་དང་འཚོ་གནས་སོགས་ལ་འབྲེལ་བ་དམ་ཟབ་ཡོད། སྲིད་བློན་དམ་པ་ཨ་ཐལ་བྷི་ཧ་རི་ཝྭ་ཇི་པ་དབྱི་ལོ་༡༦་གི་གོང་དུ་ས་གནས་འདིར་ཕེབས་ནས་ཟམ་ཆེན་གྱི་རྨང་རྡོ་བརྩིགས་མོད། འོན་ཀྱང་༢༠༠༤་ལོར་བྷི་ཇེ་བྷི་སྲིད་དོན་ཚོགས་པའི་སྲིད་དབང་ཤོར་རྗེས་ད་བར་དུ་ཟམ་ཆེན་འཛུགས་སྐྲུན་གྱི་ལས་གཞི་ནར་འགྱངས་ཕྱིན་ཡོད། འདས་པའི་ལོ་༦༠་ལྷག་གི་རིང་དེར་རྒྱ་གར་གཞུང་གིས་ཡར་ཀླུང་གཙང་པོའི་ཐོག་ཏུ་ཟམ་ཆེན་གསུམ་ལས་འཛུགས་སྐྲུན་བྱེད་ཐུབ་མེད། ཡིན་ནའང་འདས་པའི་ལོ་བཞི་དང་ཕྱེད་ཀའི་རིང་ལ་བྷི་ཇེ་བྷི་སྲིད་གཞུང་གིས་ཡར་ཀླུང་གཙང་པོའི་ཐོག་ཏུ་ཟམ་ཆེན་གསུམ་འཛུགས་སྐྲུན་བྱེད་ཐུབ་ཡོད་པ་ནི་གྲུབ་འབྲས་ཆེན་པོ་ཞིག་ཡིན། བྷོ་གྷི་བྷིལ་ཟམ་ཆེན་ལེགས་གྲུབ་བྱུང་བར་ཁྱོན་བསྡོམས་ལོ་༢༢་འགོར་ཀྱང་ཁྱད་པར་མེད། ད་ནས་རྒྱ་ནག་གི་ས་མཚམས་བར་དུ་རྒྱ་གར་གྱི་མེ་འཁོར་ལྕགས་འཛུགས་སྐྲུན་བྱེད་ཐུབ་པའི་ཆ་རྐྱེན་ཡོངས་སུ་ཚང་ཡོད་ཅེས་བཤད་འདུག

བྷོ་གྷི་བྷིལ་ལྕགས་ཟམ་ཆེན་མོ་རྒྱ་གར་གྱི་དིབ་རུ་གྷར་གྲོང་ཁྱེར་གྱི་ཉེ་འཁོར་དུ་ཡོད་ཅིང་། དེར་བརྟེན་རྒྱ་གར་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེར་དམག་དཔུང་འདྲེན་གཏོང་བྱ་དགོས་བྱུང་ན་མགྱོགས་མྱུར་དུ་ངང་དུ་དམག་དཔུང་འདྲེན་གཏོང་ཐུབ་པར་མ་ཟད། ༡༩༦༢་ལོར་རྒྱ་ནག་གིས་བོད་ཀྱི་ས་མཚམས་ཁག་ཏུ་རྒྱ་གར་ལ་བཙན་འཛུལ་བྱས་ནས་དམག་བརྒྱབ་སྟེ་རྒྱ་གར་གྱིས་རང་གི་མཐའ་མཚམས་ཁག་ལ་སྲུང་སྐྱོབ་བྱ་མ་ཐུབ་པར་ཕམ་ཉེས་ཆེན་པོ་བྱུང་། ཐ་ན་རྒྱ་གར་གྱི་དམག་གིས་རྒྱ་ནག་ལ་འཐབ་རྒོལ་བྱ་མ་ཐུབ་པར་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་བ་དེ་འདྲ་ཞིག་བསྐྱར་ཟློས་མི་འབྱུང་བའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད།།

སྔ་ལོ་རྒྱ་གར་དང་འབྲུག་ཡུལ། རྒྱ་ནག་གསུམ་བོད་ཀྱི་འབྲོག་ལམ་ས་ཁུལ་གྱི་མཐའ་མཚམས་ཁག་ཏུ་དམག་གྲྭ་བསྒྲིགས་ནས་འཐབ་འཁྲུག་གི་ཛ་དྲག་བྱུང་ནས་བཟུང་། རྒྱ་གར་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་སྲུང་སྐྱོབ་དོན་དུ་བྷོ་གྷི་བྷིལ་ལྕགས་ཟམ་ཆེན་མོ་མྱུར་དུ་འཛུགས་སྐྲུན་ལེགས་གྲུབ་འབྱུང་དགོས་པའི་ངེས་ཤེས་རྙེད། ད་ལྟ་ཟམ་ཆེན་འདི་སྒོ་འབྱེད་བྱས་པའི་རྗེས་སུ་རྒྱ་གར་གྱི་དིབ་རུ་གྷར་གྲོང་ཁྱེར་དང་ཨ་རུ་ན་ཅལ་མངའ་སྡེའི་རྒྱལ་ས་ཨི་ཊི་ན་གྷར་གྲོང་ཁྱེར་གྱི་མེ་འཁོར་འགྲིམ་འགྲུལ་སྤྱི་ལེ་༧༥༠་ཐམ་པའི་ལམ་ཐག་ཐུང་དུ་ཕྱིན་ཏེ་ཨ་རུ་ན་ཅལ་མངའ་སྡེ་ཧྲིལ་བོ་རྒྱ་གར་གྱི་ས་གནས་གཞན་ལ་འབྲེལ་བ་མཐུད། རྒྱ་གར་གྱི་བཟོ་བཀོད་མཁས་པ་ཚོས་བྷོ་གྷི་བྷིལ་ལྕགས་ཟམ་ཆེན་མོས་ལྕི་ཚད་ཊོན་༦༠་ཡོད་པའི་རྒྱ་གར་གྱི་དམག་འཐབ་ལྕགས་འཁྲབ་འཁོར་ལོ་རྣམས་ཁྱོག་ཐུབ་པ་དང་རྒྱ་གར་གྱི་དམག་གི་འཐབ་འཛིང་གནམ་གྲུ་རྣམས་ཟམ་ཆེན་ཐོག་ཏུ་འབབ་ཐུབ་པ་ཞིག་བཟོ་བཀོད་ཀྱིས་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེར་འགྲིམ་འགྲུལ་གྱི་ལམ་ཐག་རིང་བ་དང་སྐྱེལ་འདྲེན་སྟབས་བདེ་མེད་པ། མངའ་སྡེ་དེའི་བདེ་འཇགས་སྲུང་སྐྱོབ་དོན་དུ་དམག་དཔུང་འདྲེན་གཏོང་བྱེད་དཀའ་བའི་དུས་སྐབས་དེ་ཉིད་མཇུག་བསྒྲིལ་འདུག

XS
SM
MD
LG