ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༢/༠༩

ཞིན་ཧྭ་དང་མཉམ་འབྲེལ་གསར་ཁང་གི་གྲོས་མཐུན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
༄༅།། རྒྱ་ནག་གི་གཞུང་གཉེར་ཞིན་ཧྭ་གསར་འགྱུར་ལས་ཁང་དང་ཨ་མི་རི་ཀའི་མཉམ་འབྲེལ་གསར་ཁང་གཉིས་ཀྱིས་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་པར་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་བཅུ་བཞིས་བློ་འཚབ་ཡོད་པའི་རྣམ་འགྱུར་གསལ་སྟོན་བྱས་པ་དང་སྦྲགས། གྲོས་མཐུན་དེའི་འབྲུ་དོན་ཁག་མཉམ་འབྲེལ་གསར་ཁང་གིས་ཕྱི་གསལ་ནང་གསལ་བྱ་དགོས་ཞེས་ཡིག་ཆུང་ཞིག་སྤྲིངས་ཡོད་པ་ཨ་རིའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་འདུག

ཨ་རིའི་གྲོས་ཚོགས་འཐུས་མི་མེཀ་གྷེ་ལ་ཧར་དང་བྷེ་རེ་ཌི་ཤར་མ་གཉིས་ལ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཊོམ་ཀོ་ཊོན་དང་མར་ཁེ་ཝར་ནར། མར་ཁོ་རུ་བྷིའོ་གསུམ་གྱིས་རྒྱབ་སྐྱོར་གྱིས་མཉམ་འབྲེལ་གསར་ཁང་གི་སྤྱི་ཁྱབ་འགན་འཛིན་གྷེ་རི་ཕུ་རུ་ཊིའི་མཚན་ཐོག་ཏུ་ཡིག་ཆུང་ཞིག་སྤྲིངས་ཏེ། མཉམ་འབྲེལ་གསར་ཁང་ནི་རང་དབང་གི་གསར་འགོད་ལས་རིགས་གཉེར་བཞིན་པའི་གསར་འགྱུར་ལས་ཁང་ཞིག་ཡིན་ཞིང་། ཞིན་ཧྭ་གསར་འགྱུར་ལས་ཁང་ནི་རྒྱ་ནག་གཞུང་གི་ལྟ་བ་དང་ལངས་ཕྱོགས། རྒྱ་གཞུང་གི་སྲིད་ཇུས་ལ་མཐུན་དགོས་པ་དང་མི་དམངས་ཀྱི་བསམ་བློར་འགྱུར་བ་གཏོང་རྒྱུའི་དམིགས་ཡུལ་འབའ་ཞིག་འཆང་ཡོད་པའི་གསར་འགྱུར་ལས་ཁང་ཞིག་ཡིན་པས་མཉམ་འབྲེལ་གསར་ཁང་གིས་དེ་ལ་མཉམ་འབྲེལ་བྱེད་ཀྱི་ཡོད་པ་ལྟ་བ་དང་ལངས་ཕྱོགས་སོགས་ཕྱོགས་གང་ཐད་དུ་རྒྱབ་འགལ་དུ་གྱུར་ཡོད་ཅེས་མཛུབ་སྟོན་བྱས་འདུག

ཞིན་ཧྭ་གསར་འགྱུར་ལས་ཁང་གི་གཙོ་འཛིན་ཚཱེ་མཱིང་ཀྲའོ་ཡིས་གསར་ཁང་གཉིས་ཀྱིས་རྒྱུད་ལམ་གསར་པ་དང་བཅོས་སྒྲིག་རྣམ་དཔྱོད། དཔལ་འབྱོར་གྱི་གནས་ཚུལ་སོགས་ལ་མཉམ་འབྲེལ་རྒྱ་ཆེན་པོ་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད་ཅེས་བསྒྲགས། ཡིན་ནའང་ཨ་རིའི་གསར་ལམ་ཁག་ཏུ་མཉམ་འབྲེལ་གསར་ཁང་གི་མགྲིན་ཚབ་པ་ལོ་རེན་ཨི་སི་ཊོན་གྱིས་ཞིན་ཧྭ་གསར་འགྱུར་ལས་ཁང་ལ་མཉམ་འབྲེལ་བྱ་རྒྱུའི་གྲོས་མཐུན་ཡིག་ཆ་ཞིག་ལ་མིང་རྟགས་བཀོད་པའི་རྒྱུ་མཚན་གཙོ་བོ་ནི་ང་ཚོའི་གསར་ཁང་ལ་རྒྱ་ནག་གི་ནང་དུ་གསར་འགོད་ལས་རིགས་གཉེར་རྒྱུ་གུ་ཡངས་ཐོབ་ཐུབ་པའི་ཆེད་དུ་ཡིན། མཉམ་འབྲེལ་གསར་ཁང་གིས་ཞིན་ཧྭ་གསར་འགྱུར་ལས་ཁང་ལ་བཅོས་སྒྲིག་རྣམ་དཔྱོད་བཟོ་སྐྲུན་དང་འཕྲུལ་རིག་ལག་རྩལ་མཉམ་སྤྱོད་བྱ་རྒྱུའི་གྲོས་མཐུན་གང་ཡང་བཞག་མེད་ཅེས་བཀྲལ་པས་མཉམ་འབྲེལ་གསར་ཁང་དང་རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ལས་ཁང་གཉིས་ཀྱིས་སྔ་ཕྱིའི་འགྲེལ་བཤད་རྒྱག་སྟངས་གཉིས་མཐུན་མེད་པ་རེད།།

གྲོས་ཚོགས་འཐུས་མི་བྷ་རེ་ཌི་ཤར་མན་གྱིས་མཉམ་འབྲེལ་གསར་ཁང་ལ་སྤྲིངས་པའི་ཡིག་ཆུང་དེར་ཨ་རིའི་ས་ཐོག་ཏུ་ཚུགས་ཡོད་པའི་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་རྒྱ་ནག་གཞུང་ལ་གསང་བའི་གནས་ཚུལ་བསྡུ་རུབ་བྱེད་ཀྱི་ཡོད་པར་བརྟེན། མཉམ་འབྲེལ་གསར་ཁང་གིས་ཞིན་ཧྭ་གསར་འགྱུར་ལས་ཁང་ལ་མཉམ་འབྲེལ་བྱ་རྒྱུའི་གྲོས་མཐུན་ཞིག་བཞག་པར་ང་ཚོས་བརྟག་དཔྱད་བྱ་དགོས་པ་ནི་རང་བཞིན་གྱིས་བསམ་ཤེས་ཐུབ་དགོས་པའི་གནད་དོན་ཞིག་ཡིན། ང་ཚོར་གྲོས་མཐུན་གྱི་ཡིག་ཆ་དེ་ཉིད་ཕྱི་གསལ་ནང་གསལ་བྱ་དགོས་ཞེས་བསྒྲགས་།།

ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་སྤྲིངས་པའི་ཡིག་ཆུང་དེར་འདི་ལོ་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་ཞིན་ཧྭ་གསར་འགྱུར་ལས་ཁང་གི་ཨ་རིའི་ཡན་ལག་ལས་ཁུངས་ཕྱི་རྒྱལ་གྱི་ལས་ཁུངས་གྲས་སུ་ཐོ་འགོད་བྱེད་དུ་བཅུག་ཅིང་། ༢༠༡༧་ལོའི་ཨ་རི་དང་རྒྱ་ནག་གི་དཔལ་འབྱོར་དང་སྲུང་སྐྱོབ་བསྐྱར་ཞིབ་ལྷན་ཁང་གི་ལོ་འཁོར་སྙན་ཐོ་ལྟར་ན་ཞིན་ཧྭ་གསར་འགྱུར་ལས་ཁང་ནི་པེ་ཅིང་གཞུང་གི་དྲིལ་བསྒྲགས་ཀྱི་དཔུང་པ་ཞིག་ཡིན་པར་མ་ཟད། རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་ལས་དོན་སྒྲུབ་མཁན་ཞིག་ཀྱང་རེད་ཅེས་ཐེར་འདོན་བྱས་འདུག

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG