ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཨ་རིའི་སྐྱོན་འཛུགས་དང་རྒྱ་ནག་གི་དགག་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཁ་སང་གཟའ་ཕུར་བུའི་ཉིན་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན་འདས་པའི་ལོ་མང་རིང་དུ་རྒྱ་ནག་གཞུང་ལ་འབྲེལ་བ་ཡོད་པའི་དྲྭ་ཇག་གི་སྒྲིག་འཛུགས་ཏེ། ཨེ་ཕི་ཊི་བཅུ་ཞེས་པ་ཞིག་རྒྱལ་ཁབ་མང་པོའི་དྲྭ་རྒྱའི་བརྒྱུད་ལམ་ཁག་ཏུ་ལྐོག་འཛུལ་གྱིས་རྒྱལ་ཁབ་དེ་དག་གི་རིག་གནས་བདག་དབང་དང་གསང་བའི་ཡིག་ཆ་སོགས་རྐུ་འཁྱེར་བྱས་འདུག་ཅིང་། རྒྱལ་ཁབ་དེ་དག་གི་གྲས་སུ་ཨ་མི་རི་ཀ་དང་དབྱིན་ཇི། ཨོ་གླིང་རྒྱལ་ཁབ་དང་ཁེ་ན་ཌ། ཉི་ཧོང་དང་འཇར་མན་ཎི། བྷར་ཛིལ་དང་ཧྥ་རན་སི། སུད་ཛར་ལན་ཌི་དང་ལྷོ་ཀོ་རི་ཡ་སོགས་མ་མཐར་ཡང་རྒྱལ་ཁབ་བཅུ་གཅིག་ཚུད་འདུག

རྒྱ་ནག་གི་དྲྭ་ཇག་སྒྲིག་འཛུགས་དེས་རྒྱལ་ཁབ་དེ་དག་གི་དངུལ་རྩ་དང་གློག་འཕྲིན། སྨན་བཅོས་འགན་སྲུང་། བཟོ་སྐྲུན་ལས་རིགས། སྐྱེ་དངོས་ཚན་རྩལ་སོགས་ཀྱི་ལས་རིགས་ཀྱི་ཁྱབ་ཁོངས་སུ་ལྐོག་འཛུལ་བྱས་ནས་གསང་བའི་གནས་ཚུལ་དང་དེང་རབས་ཀྱི་ཤེས་བྱ་གསར་པ་རྐུ་འཁྱེར་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གི་དྲྭ་ཇག་སྒྲིག་འཛུགས་བཅུ་ཞེས་པའི་ཚོགས་མི་ཀྲུའུ་ཧྭ་དང་ཀྲང་ཧྲི་ལུང་གཉིས་ཀྱིས་དྲ་ལམ་ནས་ཡིག་ཆ་བརྐུ་འཁྱེར་དང་མི་ལ་མགོ་སྐོར་གཏོང་བ། མིའི་མིང་ཐོབ་ལག་འཁྱེར་བརྗེ་སྒྱུར་བྱས་པ་སོགས་ཁྲིམས་འགལ་གྱི་བྱ་བ་སྣ་ཚོགས་ཤིག་སྒྲུབ་བཞིན་ཡོད་པས་དོ་བདག་གཉིས་ཨ་མི་རི་ཀའི་ཁྲིམས་ལ་སྦྱོར་དགོས་ཞེས་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་བསྒྲགས། གོང་གི་རྒྱ་མི་དེ་དག་རྒྱ་ནག་གི་ཐེན་ཅིན་གྲོང་ཁྱེར་གྱི་དབྱན་ཧེ་ཐེ་ཟེར་པའི་བཟོ་ཚོང་ལས་ཁང་ཞིག་གི་ལས་མི་ཡིན་དང་ཁོ་ཚོ་རྒྱ་ནག་གི་གསང་བའི་ལས་ཁང་ལ་མཉམ་འབྲེལ་བ་ཡོད་པ་རེད།།

ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་ཀྱིས་ཀྲུའུ་ཧྭ་དང་ཀྲང་ཧྲི་ལུང་གཉིས་འཛིན་བཟུང་བྱ་དགོས་ཟེས་ཨ་རིའི་ཁྲིམས་འཛིན་ལྷན་ཁང་ལ་ཞུ་སྦྱོར་བྱས་འདུག གལ་སྲིད་རྒྱ་ནག་གི་སྤྱི་དམངས་དེ་གཉིས་འཛིན་བཟུང་ཐེབས་པ་ཡིན་ན་ལོ་༢༧་ཡས་མས་རེར་ཨ་རིའི་བཙོན་འཇུག་གི་ཁྲིམས་ཐག་གཅོད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ཁོ་ཚོས་ལས་ཀ་བྱ་ཡུལ་རྒྱ་ནག་གི་དྲྭ་ཇག་སྒྲིག་འཛུགས་དེས་མ་མཐར་ཡང་ཨ་རིའི་ཚན་རྩལ་བཟོི་ཚོང་ཁང་བཞི་བཅུ་ཞེ་ལྔའི་གསང་བའི་ཡིག་ཆའི་རིགས་རྐུ་འཁྱེར་བྱས་འདུག་པ་དང་། ཨ་རིའི་མཚོ་དམག་གི་རྩིས་འཕྲུལ་བཞི་བཅུའི་ནང་དུ་སིམ་འཛུལ་བྱས་ནས་གསང་བའི་ཡིག་ཆ་བརྐུས། ཨ་རིའི་མཚོ་དམག་ཁྲི་བཅུ་གྲངས་ཤིག་ཡོད་པ་དེ་དག་གི་མི་སྒེར་གྱི་ལོ་རྒྱུས་ཡིག་ཚགས་ཀྱང་རྐུ་འཁྱེར་བྱས་ཡོད་པ་ར་སྤྲོད་བྱུང་ཞིང་། ཁ་སང་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་རྒྱ་ནག་ལ་འདིའི་ཐད་སྐྱོན་བརྗོད་བྱས་ནས་གསལ་བསྒྲགས་སྤེལ་བའི་རྗེས་སུ་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་མང་པོ་ཞིག་གིས་ཀྱང་རྒྱ་ནག་གི་དྲྭ་ཇག་ཚོའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་པ་དང་ཆབས་གཅིག དབྱིན་ཇིའི་གཞུང་གིས་ཀྱང་རྒྱ་ནག་གིས་དྲ་རྒྱའི་གསང་མྱུལ་བའི་ལས་འགུལ་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤལེ། འདི་ནི་སྤྱི་ལོ་༢༠༡༥་ལོར་རྒྱ་ནག་གིས་དབྱིན་གཞུང་ལ་ཁས་ལེན་བྱས་པའི་རྩ་དོན་ཁག་དང་རྒྱབ་འགལ་དུ་གྱུར། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠་ལ་ཁས་ལེན་བྱས་པའི་དྲྭ་ལམ་དུ་རྐུན་ཇག་མི་བྱེད་པ་དང་རིག་གནས་བདག་དབང་ལ་སྲུང་སྐྱོབ་བྱ་རྒྱུའི་དམ་བཅའ་བཞག་པར་འགལ་ཟླ་སོང་འདུག་ཅེས་བརྗོད།།

ཨོི་གླིང་དང་ཉིི་ཧོང་། ཁེ་ན་ཌ་དང་ནེའུ་ཛི་་ལན་ཌི། འཇར་མན་ཎི་བཅས་ཀྱིས་ཀྱང་གཅིག་མཚུངས་སུ་རྒྱ་ནག་གིས་དྲྭ་རྒྱའི་བརྒྱུད་ལམ་དུ་རྒྱལ་ཁབ་གཞན་གྱི་གཞུང་འབྲེལ་ཚོགས་པ་ཁག་དང་སྒེར་གྱི་སྒྲིག་འཛུགས་ཁག བཟོ་ཚོང་ལས་ཁང་ཁག་དང་སྤྱི་དམངས་སྒེར་པ་བཅས་ཀྱི་གསང་བའི་གནས་ཚུལ་རྣམས་རྐུ་འཁྱེར་དང་རིག་གནས་བདག་དབང་རྐུ་འཁྱེར་བྱེད་བཞིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་ཀྱི་གསལ་བསྒྲགས་སྤེལ། འདི་ལ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིང་གིས་ཞིན་ཧྭ་གསར་འགྱུར་ལས་ཁང་གི་གསར་འགོད་པར་ད་ལྟའི་བར་དུ་རྒྱ་ནག་གིས་གཞན་གྱིས་ཚོང་ལས་དང་དཔལ་འབྱོར་གྱི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་མཁན་དང་རྐུ་འཁྱེར་གྱི་ལས་འགུལ་སོགས་སྒོ་ཀུན་ནས་མཉམ་ཞུགས་སམ། ཡང་ན་དེ་ལ་རྒྱབ་སྐྱོར་གྱི་རིགས་གཏན་ནས་བྱས་མྱོང་མེད། ཨ་རིའི་སྐྱོན་འཛུགས་འདིས་ཕྱོགས་གཉིས་ཀྱི་མཉམ་འབྲེལ་ལ་དོ་ཕོག་ཚབས་ཆེན་བཏང་འདུག ཨ་རིའི་མ་རབས་དང་ཐབས་རྡུགས་ཀྱི་སྐྱོན་འཛུགས་འདིར་རྒྱ་ནག་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་དགག་པ་བརྒྱབ་བོ།།

XS
SM
MD
LG