ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་རིའི་རྒྱལ་སྲུང་དྲུང་ཆེ་ལས་གནས་ནས་དགོངས་པ་ཞུས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་སི་རི་ཡའི་ས་ཐོག་ཏུ་གཞིས་ཚུགས་པའི་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་རྣམས་རྩ་མེད་བཏང་ཟིན། ད་ལྟ་སི་རི་ཡའི་ས་ཐོག་ཏུ་ཨ་མི་རི་ཀའི་དམག་༢༠༠༠་ཡོད་པ་རྣམས་སྔར་བཞིན་འགྲེམ་འཇོག་བྱ་དགོས་དོན་མི་འདུག ཨ་མི་རི་ཀ་དཀྱིལ་ཤར་ས་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་མཁན་ཉེན་རྟོག་པ་མིན་ཞེས་ཐག་བཅད། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་འགྲེམ་འཇོག་བྱེད་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་ཡང་ཉུང་འཕྲི་བྱ་རྒྱུ་ཡིན་ཞེས་བསྒྲགས། དེར་བརྟེན་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཇིམ་མེ་ཐི་སི་ཡིས་སྲིད་འཛིན་ཌོ་ནལ་ཊམ་ལ་དགོངས་ཤོག་ཕུལ་ཏེ་རྒྱལ་སྲུང་དྲུང་ཆེའི་ལས་གནས་ནས་གནང་བ་ཞུས་འདུག རྒྱལ་སྲུང་དྲུང་ཆེ་ཇིམ་མེ་ཊི་སིའི་དགོངས་ཤོག་ནང་དུ་སྲིད་འཛིན་སྐུ་ཉིད་ལ་རང་གི་ལྟ་བ་དང་མཐུན་པའི་རྒྱལ་སྲུང་དྲུང་ཆེ་ཞིག་བསྐོ་བཞག་བྱ་ཆོག་པའི་ཐོབ་ཐང་ཡོད། དེས་ན་ངས་ཨ་རིའི་རྒྱལ་སྲུང་དྲུང་ཆེའི་ལས་གནས་ནས་གནང་བ་ཞུ་རྒྱུ་འོས་ཤིང་འཚམས་པ་ཞིག་རེད་ཅེས་བཀོད། རྒྱལ་སྲུང་དྲུང་ཆེ་ཇིམ་མེ་ཊི་སི་ལ་དམག་འཐབ་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པ་དང་ཁོ་པ་བགྲེས་ཡོལ་ལ་ཕེབས་པའི་ཨ་མི་རི་ཀའི་སྐར་མ་བཞི་ཅན་གྱི་དམག་སྤྱི་ཞིག་ཡིན་ཞིང་། སྲིད་འཛིན་ཌོ་ནལ་ཊམ་དང་མ་འདྲ་བར་རྒྱལ་སྲུང་དྲུང་ཆེ་ཇིམ་མེ་ཊི་སི་ནི་བབ་བརླིང་བརྟན་གསུམ་གྱི་ཨ་མི་རི་ཀའི་མཐོ་རིམ་འགོ་ཁྲིད་ཅིག་ཡིན་རུང་སི་རི་ཡ་དང་ཨབ་གྷ་ཎི་སི་ཐན་ནས་ཨ་མི་རི་ཀའི་དམག་དཔུང་ཕྱིན་འཐེན་བྱེད་ཕྱོགས་ཐོག་ཏུ་སྲིད་འཛིན་ཌོ་ནལ་ཊམ་དང་ལྟ་བ་མ་མཐུན་པར་ལས་གནས་ནས་གནང་བ་ཞུས་འདུག

ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཇིམ་མེ་ཊི་སི་ཡིས་ཨ་མི་རི་ཀ་དང་ཡུ་རོབ་ཀྱི་དམངས་གཙོའི་རྒྱལ་ཁབ་ཁག་གིས་བཙུགས་པའི་མནའ་འབྲེལ་དམག་གི་དཔུང་སྡེ་སྟེ། ལོ་ངོ་༧༠་ཡས་མས་ཤིག་གི་ལོ་རྒྱུས་ཡོད་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་འཐབ་གྲོགས་ཚོས་ཨ་མི་རི་ཀ་དང་དཔུང་པ་མཉམ་གཤིབ་བྱས་ནས་སི་རི་ཡ་དང་ཨི་རཀ་གི་ས་ཐོག་ཏུ་གཞིས་ཚུགས་པའི་ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་རྣམས་ཕམ་པར་བརྒྱབ་པར་རྗེས་སུ་ཡི་རངས་ཡོད་ཅེས་དགོངས་ཤོག་ཏུ་བཀོད་མོད། འོན་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་འཐབ་གྲོགས་ཚོས་མིའི་ཚེ་སྲོག་དང་ཤ་ཁྲག་གི་འགྲོ་གྲོན་བཏང་སྟེ་ཕྱི་ལོ་༢༠༠༡་ནས་ཨ་མི་རི་ཀའི་འཐབ་གྲོགས་སུ་ལངས་ནས་ཨབ་གྷ་ཎི་སི་ཐན་དང་ཨི་རཀ སི་རི་ཡ་བཅས་ཀྱི་ས་ཐོག་ཏུ་གཞིས་ཚུགས་པའི་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་ཀྱི་ཡོད་པ་རིན་ཐང་ཆེན་པོ་ཞིག་བརྩིས་མེད་ཅིང་། ཇིམ་མེ་ཊི་སིའི་དགོངས་ཤོག་ནང་དུ་ཁོ་བོས་ལོ་བཞི་བཅུ་ལྷག་ལ་དམག་དོན་བསྒྲུབས་པའི་ཉམས་མྱོང་ལ་གཞིགས་ན་རང་གི་མཐུན་གྲོགས་རྒྱལ་ཁབ་ལ་བརྩི་འཇོག་དང་མཛའ་འབྲེལ་རྒྱུན་འཁྱོངས་བྱ་རྒྱུ་དགོས། དགྲ་དང་ཁ་གཏད་པ་ཚོར་གདོང་ལེན་ནན་པོ་བྱ་དགོས་པའི་ངེས་ཤེས་གསལ་བོ་རྙེད་ཡོད་ཅེས་བཀོད།

ཁ་སང་ཕྱི་ཟླ་༡༢་ཚེས་༢༠་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱིས་སི་རི་ཡའི་ས་ཐོག་ཏུ་འགྲེམ་འཇོག་བྱེད་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པར་མ་ཟད། ཕྱི་ཟླ་༡༢་ཚེས་༢༡་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་འགྲེམ་འཇོག་བྱེད་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་ཡང་ཉུང་འཕྲི་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས། ཨ་མི་རི་ཀའི་དམག་དོན་མི་སྣ་ཁག་དང་སྲིད་དོན་ཉམས་ཞིབ་པ། ཕྱི་འབྲེལ་ཉམས་ཞིབ་པ་ཚོས་སྲིད་འཛིན་ཌོ་ནལ་ཊམ་གྱིས་སི་རི་ཡ་དང་ཨབ་གྷ་ཎི་སི་ཐན་ལ་འཛིན་པའི་དམག་དོན་སྲིད་ཇུས་ནོར་འཁྲུལ་རེད། སྲིད་འཛིན་ཨོ་བྷ་མས་ཨི་རཀ་ནས་ཨ་མི་རི་ཀའི་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་གསལ་བསྒྲགས་བྱས་པར་ཌོ་ནལ་ཊམ་གྱིས་སྐྱོན་བརྗོད་དྲག་པོ་བྱས་སོང་། ད་ལྟ་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་འཛིན་ཟུར་པ་ཨོ་བྷ་མར་སྐྱོན་བརྗོད་བྱས་པ་སོ་སོ་རང་གིས་བྱེད་ཀྱིན་འདུག་ཅེས་ཁ་རྡུང་བཏང་ཞིང་། ༢༠༠༡་གི་ཕྱི་ཟླ་༩་ཚེས་༡༡་ཉིན་འཇིགས་སྐུལ་རིང་ལུགས་པ་ཚོས་ཨ་མི་རི་ཀར་རྒོལ་རྡུང་བྱས་ནས་བཟུང་། ཨ་མི་རི་ཀ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བྷན་གྱེན་ལོག་པ་དང་འཇིགས་སྐུལ་རིང་ལུགས་པ་ཚོར་འཐབ་རྒོལ་བྱེད་ཀྱི་ཡོད་པ་དང་། ད་དུང་ཡང་ཨ་མི་རི་ཀ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་ཁྲི་ཚོ་༡་དང་སྟོང་ཕྲག་༤་ལྷག་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་འགྲེམ་འཇོག་བྱེད་ཡོད་ཀྱང་ཌོ་ནལ་ཊམ་གྱིས་དམག་དཔུང་དེའི་ཕྱེད་ཀ་ཙམ་རང་ཡུལ་ལ་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས།།

ལོ་ན་༦༨་ལ་སོན་པའི་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཇིམ་མེ་ཊི་སི་ནི་དཔེ་དེབ་ལྗགས་ཀློག་ལ་དགའ་བ་དང་ཤེས་ཡོན་སློབ་གཉེར་ལ་དོ་སྣང་ཡོད་པའི་མི་ཞིག་ཡིན། ཁོང་དང་སྲིད་འཛིན་ཌོ་ནལ་ཊམ་གཉིས་ཨུ་རུ་སུ་ལ་ཁ་གཏད་གཅོག་དགོས་མིན་དང་མཚན་མ་བརྗེ་སྒྱུར་བྱས་པའི་མི་རྣམས་ཨ་རིའི་དམག་ཁོངས་སུ་འཇུག་དགོས་མིན་ཐད་དུ་ལྟ་བ་མཐུན་གྱི་མེད་པས་ཁ་སྔོན་ཕྱི་ཟླ་༡༠་པ་ནས་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱལ་སྲུང་དྲུང་ཆེར་འཕོ་འགྱུར་གཏོང་སྲིད་པའི་སྔོན་བརྡ་བཏང་ཡོད་པ་སྟེ། སྲིད་འཛིན་གྱིས་ཇིམ་མེ་ཊི་སི་གནང་བ་ཞུ་སྲིད། དྲང་པོར་བཤད་ན་ཁོ་པ་དམངས་གཙོ་ཚོགས་པའི་ཚོགས་མི་ལྟ་བུ་ཞིག་ཡིན་པ་དང་ཁོ་པས་གནང་བ་ཞུ་སྲིད། དུས་ཚོད་སྔ་གཞུག་མ་གཏོགས་ཚང་མས་གནང་བ་ཞུ་དགོས་ཀྱི་རེད་ཅེས་བཤད། གཟའ་ཕུར་བུའི་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱི་ཊོས་ཊར་དྲྭ་ལམ་དུ་རྒྱལ་སྲུང་དྲུང་ཆེ་ཇིམ་མེ་ཊི་སིའི་མཛད་རྗེས་ལ་བསྔགས་བརྗོད། ཁོང་གིས་ཨ་རིའི་རྒྱལ་སྲུང་ཆེའི་ལས་ཁུར་བཞེས་པའི་རིང་དེར་བདེ་འཇགས་སྲུང་སྐྱོབ་ལ་གྲུབ་འབྲས་ཆེན་པོ་ཐོན་ཡོད། ཇིམ་མེ་ཊི་སི་ཡིས་ལོ་རྗེས་མའི་ཕྱི་ཟླ་༢་པའི་ཟླ་མཇུག་བར་དུ་ཨ་རིའི་རྒྱལ་སྲུང་དྲུང་ཆེའི་ལས་འགན་ཁུར་རྒྱུ་རེད་ཅེས་བཤད།།

ཨ་རིའི་གྲོས་ཚོགས་འཐུས་མི་ཚོ་དང་སྲིད་དོན་པ་མང་པོ་ཞིག་གིས་སི་རི་ཡའི་ས་ཐོག་ཏུ་འགྲེམ་འཇོག་བྱེད་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་ཕྱིར་འཐེན་བྱས་ཚེ། ད་དུང་ཡང་སི་རི་ཡའི་ས་ཐོག་ཏུ་ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་ལྷག་ལུས་ཡོད་པ་ཚོ་རོ་ལངས་རྒྱག་སྲིད། ཏ་ལི་བྷན་གྱེན་ལོག་ཤོག་ཁག་གིས་ཀྱང་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བཙུགས་ཡོད་པའི་ཨབ་གྷ་ཎི་སི་ཐན་གྱི་དམངས་གཙོའི་སྲིད་གཞུང་མགོ་རྟིང་སློག་སྟེ་ཨབ་གྷ་ཎི་སི་ཐན་སླར་ཡང་ཞི་བདེ་བརྟན་ལྷིང་མེད་པར་འཇིགས་སྐུལ་རིང་ལུགས་པའི་གནས་ཡུལ་ཞིག་ཏུ་འགྱུར་སྲིད་ཅེས་བློ་འཚབ་བྱེད་ཀྱི་ཡོད་ཅིང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཀོ་རུ་བྷིའོ་ཡིས་རྒྱལ་སྲུང་དྲུང་ཆེ་ཇིམ་མེ་ཊི་སིའི་དགོངས་ཤོག་ལ་བལྟས་ན་ཨ་མི་རི་ཀ་ལམ་ཕྱོགས་ནོར་པ་ཞིག་ལ་སྐྱོད་ཀྱིན་འདུག ཨ་མི་རི་ཀའི་བདེ་འཇགས་ལ་ཉེན་ཀ་འབྱུང་རྒྱུ་དང་ཨ་མི་རི་ཀའི་ཁ་གཏད་པ་ཚོར་སྟོབས་ཤུགས་རྒྱས་ཡུལ་ཞིག་སྤྲོད་ཀྱི་ཡོད་པ་གསལ་བོ་ཞིག་ཅེས་བཤད། ད་དུང་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཀེ་ཝར་ནར་གྱིས་ཀྱང་རྒྱལ་སྲུང་དྲུང་ཆེ་ཇེམ་མེ་ཐི་སི་ནི་ཟིང་ཆ་ཆེ་བའི་ཌོ་ནལ་ཊམ་གྱི་སྲིད་གཞུང་གི་ནང་དུ་བརྟན་ལྷིང་ལྡན་པའི་མཚོ་གླིང་ལྟ་བུ་ཞིག་རེད་ཅེས་བསྔགས་བརྗོད་བྱས་འདུག སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འགོ་ཁྲིད་མི་ཆི་མེ་ཁ་ནོས་ཀྱང་ཨ་མི་རི་ཀས་དགྲ་གཉེན་གྱི་དབྱེ་བ་གསལ་བོ་ཞིག་འབྱེད་དགོས་ཀྱིན་འདུག་ཅེས་སྲིད་འཛིན་ཌོ་ནལ་ཊམ་ལ་ནན་བརྗོད་བྱས་པ་དང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀ་དཀྱིལ་ཤར་ས་ཁུལ་གྱི་ཉེན་རྟོག་པ་བྱ་དགོས་པ་རེད་དམ། ང་ཚོས་ཨ་སྒོར་ཐེར་འབུམ་བརྒྱ་ཕྲག་མང་པོ་དང་མིའི་ཚེ་སྲོག་གིས་འགྲོ་གྲོན་བཏང་ནས་གཞན་ལ་སྲུང་སྐྱོབ་བྱས་ཀྱང་མང་པོ་ཞིག་ལ་ངོ་སོ་མེད་པར་ཨ་མི་རི་ཀའི་སྲུང་སྐྱོབ་ལ་དགའ་བ་སྒོམ་གྱི་མི་འདུག ང་ཚོས་ཅིའི་ཕྱིར་མི་རྒྱུ་གཉིས་ཀྱིས་འགྲོ་གྲོན་བཏང་ནས་གཞན་ལ་སྲུང་སྐྱོབ་བྱ་དགོས་པ་རེད་དམ། ང་ཚོས་གཏན་དུ་དཀྱིལ་ཤར་ས་ཁུལ་ལ་སྲུང་སྐྱོབ་བྱ་དགོས་སམ། ད་ལྟ་གཞན་པ་ཚོས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་དགོས་པའི་དུས་ཚོད་རེད་ཅེས་དགག་པ་བརྒྱབ་འདུག

XS
SM
MD
LG