༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་དང་འཛམ་གླིང་གི་རྒྱལ་ཁབ་བཅུ་གྲངས་ཤིག་མཉམ་འབྲེལ་ཐོག་ཏུ་རྒྱ་ནག་གིས་རྒྱལ་ཁབ་གཞན་གྱི་དཔལ་འབྱོར་དང་ཚོང་ལས། འཕྲུལ་རིག་ལག་རྩལ་དང་ཚན་རིག སྲིད་གཞུང་ཁག་དང་སྒེར་གཉེར་བཟོ་ཚོང་ལས་ཁང་ཁག་གི་གསང་བའི་ཡིག་ཆ་དང་འཆར་གཞི། ལག་རྩལ་སོགས་རྐུ་འཁྱེར་བྱེད་ཀྱིན་འདུག་ཅེས་ར་སྤྲོད་དང་ཁ་རྡུང་གཏོང་གི་ཡོད་པ་དང་། འདི་ནི་སྔོན་ཆད་བྱུང་མྱོང་མེད་པའི་སྐྱོན་བརྗོད་ཅིག་དང་རྒྱ་ནག་ལ་རང་གི་བྱས་ཉེས་མཐའ་དག་གི་འགན་འཁྲི་ལེན་དུ་འཇུག་རྒྱུའི་ཐབས་ཇུས་ཤིག་ཡིན་ཞིང་། ཨ་རིའི་གཙོས་འཛམ་གླིང་གི་རྒྱལ་ཁབ་དེ་དག་ལ་རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་དང་སྒྲིག་གཞི་ཁག་ལ་བརྩི་མེད་གཏོང་བ་དང་དྲང་སྙོམས་ཀྱི་འགྲན་སྡུར་ལམ་སྲོལ་ལ་བརྩི་མེད་བཏང་ནས་རྒྱ་ནག་འཛམ་གླིང་གི་དཔལ་འབྱོར་དང་འཕྲུལ་རིག་ལག་རྩལ་གྱི་སྟོབས་ཆེན་རྒྱལ་ཁབ་ཅིག་ལ་སྒྱུར་ཐབས་བྱེད་བཞིན་འདུག་ཅེས་གཅིག་གྱུར་གྱི་ལྟ་ཚུལ་ཞིག་གླེང་ཡོད་པ་རེད།།
ཕྱི་ཟླ་༡༢་ཚེས་༢༠་ཉིན་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་རྒྱ་ནག་གི་གསང་བའི་ལས་ཁང་ལ་འབྲེལ་ཡོད་པའི་དྲྭ་རྐུན་དང་དྲྭ་ལམ་གྱི་གསང་ཉུལ་ཚོས་ཨ་མི་རི་ཀ་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་དམིགས་འབེན་དུ་བཟུང་ནས་གསང་བའི་གནས་ཚུལ་རྐུ་འཁྱེར་བྱ་རྒྱུ་མཚམས་འཇོག་བྱེད་ཀྱི་མེད་པ་ར་སྤྲོད་ཀྱིས་རྒྱ་ནག་གི་འབྲེལ་ཡོད་ཚན་པ་དང་སྤྱི་སྒེར་ཁག་ལ་ནག་ཉེས་བཙུགས་ནས་ཁྲིམས་ལ་སྦྱར་དགོས་ཞེས་བསྒྲགས། རྒྱ་ནག་གིས་རྒྱལ་ཁབ་གཞན་གྱི་འཕྲུལ་རིག་དང་ཚན་རིག དཔལ་འབྱོར་དང་ཚོང་ལས། དམག་དོན་གྱི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་ཀྱིན་འདུག་ཅེས་ནག་ཉེས་འཛུགས་མཁན་གྲས་སུ་ཨ་མི་རི་ཀ་དང་དབྱིན་ཇི། ཨོ་གླིང་རྒྱལ་ཁབ་དང་ཁེ་ན་ཌ། ཉི་ཧོང་དང་འཇར་མན་ཎི། བྷར་ཛིལ་དང་ཧྥ་རན་སི། སུད་ཛར་ལན་ཌི་དང་ལྷོ་ཀོ་རི་ཡ་བཅས་རྒྱལ་ཁབ་མང་དག་ཅིག་ཡོད་པས་རྒྱལ་ཁབ་དེ་དག་གི་སྲིད་འཛིན་དང་སྲིད་བློན་རྣམ་པས་གྲོས་བསྡུར་གཟབ་ནན་བྱས་ནས་ཨ་མི་རི་ཀ་དང་ལངས་ཕྱོགས་གཅིག་གྱུར་བཟུང་ནས་རྒྱ་ནག་ལ་ནག་ཉེས་བཙུགས་ཡོད་ཅིང་། ཨ་མི་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གིས་གཞན་གྱི་འཕྲུལ་རིག་ལག་རྩལ་དང་ཚན་རིག དཔལ་འབྱོར་དང་ཚོང་ལས། དམག་དོན་བཅས་ཀྱི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱས་ནས་ཡུན་རིང་ཕྱིན་སོང་། རྒྱ་ནག་གི་དྲྭ་རྐུན་དང་དྲྭ་ལམ་གྱི་གསང་ཉུལ་ཚོས་རྐུ་བཅོམ་བྱ་ཡུལ་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་བརྡ་འཕྲིན་འཕྲུལ་རིག་དང་སྲིད་གཞུང་གི་ལས་ཁུངས་ཁག སྒེར་གྱི་བཟོ་ཚོང་ལས་ཁུངས་ཆེ་ཁག་རྣམས་ཡིན་པའི་ར་སྤྲོད་བྱས་འདུག
ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་རྒྱ་ནག་གི་དྲྭ་རྐུན་རྣམས་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་ཞེས་པའི་གསང་བའི་ལས་ཁང་དང་རྒྱ་ནག་གི་སྤྱི་བདེ་ལྷན་ཁང་ལ་འབྲེལ་བ་འདུག རྒྱ་ནག་གི་དྲྭ་རྐུན་རྣམས་ཨ་མི་རི་ཀ་དང་དབྱིན་ཇི། ཁེ་ན་ཌ་དང་ཉི་ཧོང་། ཨོ་གླིང་རྒྱལ་ཁབ་སོགས་ཀྱི་སྲིད་གཞུང་ཁག་དང་སྒེར་གཉེར་བཟོ་ཚོང་ཁང་ཁག་གི་གཞུང་འབྲེལ་དྲྭ་ཚིགས་སུ་སིམ་འཛུལ་བྱས་ནས་གསང་བའི་གནས་ཚུལ་སྣ་མང་ཞིག་རྐུ་འཁྱེར་བྱེད་ཀྱི་ཡོད་པ་སྟེ། དཔེར་ན་མེ་ཤུགས་འཕུར་མདེལ་དང་འཐབ་འཛིང་གནམ་གྲུ། མཁའ་དབྱིངས་འཕུར་གྲུ་དང་རྫས་སྦྱོར། སྨན་དང་བརྡ་འཕྲིན་འཕྲུལ་རིག དཔལ་འབྱོར་དང་ཚོང་ལས་ཀྱི་འཆར་གཞི་སོགས་གསང་བའི་གནས་ཚུལ་རྣམས་རྐུ་འཁྱེར་བྱས་ནས་རྒྱ་ནག་གི་ལས་རིགས་ཁག་ཡར་རྒྱས་གཏོང་གི་འདུག རྒྱ་ནག་གཞུང་གིས་༢༠༡༥་ལོར་ཕྱི་རྒྱལ་གྱི་ཚོང་ལས་ཆེ་ཁག་གི་དྲྭ་ལམ་དུ་ལྐོག་འཛུལ་བྱས་ནས་གསང་བའི་གནས་ཚུལ་རྐུ་འཁྱེར་མི་བྱེད་པའི་གྲོས་མཐུན་བཞག་པར་འགལ་འཛོལ་བྱེད་ཀྱིན་འདུག་ཅེས་ཁ་རྡུང་དྲག་པོ་བཏང་ཞིང་། ད་ལྟ་ཨ་མི་རི་ཀ་དང་ཡུ་རོབ། ཨེ་ཤི་ཡའི་རྒྱལ་ཁབ་ཁག་བཅས་ནས་རྒྱ་ནག་ལ་ཕྱོགས་ཡོངས་ནས་གནོན་ཤུགས་སྤྲོད་རྒྱུ་དང་རྒྱ་ནག་གིས་གཞན་གྱི་གསང་བའི་གནས་ཚུལ་རྐུ་འཁྱེར་དང་རིག་དངོས་བདག་དབང་ལ་བརྩི་མེད་བཏང་ན་གཅིག་གྱུར་གྱིས་ལན་པ་ནན་པོ་སློག་རྒྱུའི་བརྡ་ཞིག་བཏང་ཡོད་པ་རེད།།