ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་རང་རློམ་ཆེ་དྲགས་པའི་དཀའ་ངལ།


༄༅།། ༡༩༧༨་ལོའི་ཕྱི་ཟླ་༡༢་ཚེས་༡༨་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་༡༡་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཏུ་ཏིན་ཞའོ་ཕིང་གིས་རྒྱ་ནག་ལ་བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་འགོ་ཚུགས། སྐབས་དེའི་ཚོགས་འདུའི་ཐོག་ཏུ་རྒྱ་ནག་རྒྱལ་ཁབ་དེ་ཉིད་མའོ་ཙེ་ཏུང་གི་དུས་སྐབས་སུ་བྱུང་བའི་མཆོང་སྐྱོད་ཆེན་མོ་དང་རིག་གནས་གསར་བརྗེ་སོགས་རྡུང་རྡེག་དང་མནར་གཅོད། ཆབ་སྲིད་ཀྱི་ལས་འགུལ་རབ་དང་རིམ་པ་ཞིག་ལངས་པ་ཁག་ལས་རིང་དུ་འདས་ཏེ་ལམ་ཕྱོགས་གསར་པ་ཞིག་ལ་བསྐྱོད་རྒྱུའི་ཐག་བཅད། དེ་ནས་བཟུང་སྟེ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་ཡར་རྒྱས། རྒྱ་ནག་འཛམ་གླིང་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་ཅིག་ལ་འགྱུར་རྒྱུའི་རྩ་བ་ཚུགས། ཏིན་ཞའོ་ཕིང་གིས་ལྟ་བ་གསར་པ་དང་ལམ་ཕྱོགས་གསར་པ་ཞིག་བདམས་ནི་རྒྱ་ནག་དམར་ཤོག་གི་ལོ་རྒྱུས་ནང་དུ་ཆེས་རླབས་ཆེན་གྱི་གསར་བརྗེ་ཞིག་རེད་ཅེས་ནུབ་ཕྱོགས་ཀྱི་ཉམས་ཞིབ་པ་ཚོས་བསྔགས་བརྗོད་བྱས་འདུག

འདས་པའི་ལོ་༤༠་ཐམ་པའི་རིང་ལ་རྒྱ་ནག་དཔལ་འབྱོར་གོང་འཕེལ་དང་འཕྲུལ་རིག་ལག་རྩལ་ཡར་རྒྱས། གསར་གཏོད་ཀྱི་ལས་རིགས་ཁག་གི་སྲོལ་འབྱེད་རྒྱལ་ཁབ་ཅིག་ལ་འགྱུར་དུ་འཇུག་རྒྱུའི་ཕུགས་བསམ་འཆར་རུང་ད་ལྟའི་རྒྱ་ནག་གི་འགོ་ཁྲིད་ཚོས་ཉམས་མྱོང་གཙོ་བོ་ཞིག་བརྗེད་ཀྱི་ཡོད་པ་སྟེ། རྒྱ་ནག་རིག་གནས་གསར་བརྗེའི་ཚབས་ཆེའི་ཤུགས་རྐྱེན་ངན་པའི་འོག་ནས་ཐར་ཏེ་སྔར་བཞིན་ཡར་རྒྱས་འགྲོ་དགོས་ན་རྒྱ་ནག་གི་འགོ་ཁྲིད་ཚོས་ཅོལ་ཆུང་གི་རང་རློམ་དང་ཚིག་སྟོང་གི་འུར་སྒྲོགས་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་པ་དང་། རྒྱ་ནག་གི་འགོ་ཁྲིད་ཚོས་བསམ་བློ་གསར་པ་དང་གནས་འཕྲིན་གསར་པར་བཀག་འགོག་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་རྒྱུས་སྟོན་གྱི་རྩོམ་ཡིག་སྤེལ།།

རྒྱ་ནག་གི་བཅོས་སྒྱུར་སྒོ་འབྱེད་བྱས་པ་ནི་ཕྱི་ལ་སྒོ་མོ་ཕྱེ་པ་དང་ཁྲོམ་ར་སྒོ་འབྱེད་བྱས་པ་ཙམ་ཞིག་མིན་པར་བསམ་བློ་གསར་པར་དང་ལེན་བྱ་དགོས་པའང་ཚུད་ཡོད། བསམ་བློ་གསར་པའི་གྲས་སུ་གནས་འཕྲིན་གྱི་བསམ་བློ་གསར་པ་ཚུད་དགོས། གལ་ཏེ་གནས་འཕྲིན་གསར་པ་དེར་མོས་པ་མེད་པའི་མཇུག་འབྲས་ཤིག་སྨིན་གྱི་ཡོད་ཀྱང་གནས་འཕྲིན་དེ་འགོག་མི་ཉན། དུས་རབས་སྔོན་མའི་ལོ་རབས་༨༠་བའི་མགོ་སྟོད་དེར་རྒྱ་ནག་གི་འགོ་ཁྲིད་ཚོས་བཅོས་སྒྱུར་གསར་པ་ཞིག་བྱས་པ་དེའི་ཁོངས་སུ་གནས་འཕྲིན་དྲིལ་བསྒྲགས་ལ་གུ་ཡངས་སྤྲད་པ་གནད་འགག་ཆེན་པོ་ཞིག་ཏུ་གྱུར་ཡོད། དཔེར་ན་གསར་འགོད་པ་ཚོར་གཏམ་བརྗོད་རང་དབང་དང་གསར་འགྱུར་ལས་ཁང་ཁག་ལ་གནས་འཕྲིན་ངོ་མ་འགྲེམ་སྤེལ་བྱེད་ཆོག་པའི་རང་དབང་ཐོབ་པས་རྒྱ་ནག་གི་གསར་འགོད་པ་ཚོས་གནས་ཚུལ་ལོག་པ་དང་འཁྱོག་བཤད། རྫུན་སྒྲོགས་བཅས་ལ་དགག་པ་རྒྱག་པའི་གོ་སྐབས་ཤིག་ཐོབ་ཡོད། རྒྱ་ནག་མའོ་ཙེ་ཏུང་གི་སྒྲ་སྐད་འབའ་ཞིག་ལས་ཐོས་རྒྱུ་མེད་པའི་སྤྱི་ཚོགས་ཤིག་ནས་རྒྱ་ནག་ལ་དུས་དེབ་གསར་པ་བརྒྱ་ཕྲག་འགའ་ཞིག་ཡོད་པ་དང་དཔལ་འབྱོར་ལས་རིགས་དང་དཔལ་འབྱོར་འཛིན་སྐྱོང་གི་དཔྱད་གླེང་ཤུགས་ཆེན་བྱུང་བའི་སྤྱི་ཚོགས་ཤིག་ལ་གྱུར།།

རྒྱ་ནག་གི་བཅོས་སྒྱུར་སྒོ་འབྱེད་ཀྱི་དུས་སྐབས་དེའི་ཐོག་མཐའ་བར་གསུམ་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་དང་གསར་འགོད་རང་དབང་གཉིས་མི་མཐུན་པའི་འགལ་ཟླ་བྱུང་ཡོད། ཡིན་ནའང་རྒྱ་ནག་གཞུང་གིས་སྐབས་འགར་གསར་འགོད་རང་དབང་སྤྲོད་པ་དང་སྐབས་འགར་གསར་འགོད་རང་དབང་ལ་དམ་དྲག་བྱས་པ་གཉིས་ཀ་བྱུང་ཞིང་། ད་ལྟ་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གིས་བསམ་བློ་གསར་པ་དང་གནས་འཕྲིན་གསར་པར་མཐའ་གཅིག་ཏུ་བཀག་སྡོམ་གྱིས་རྒྱ་ནག་སླར་ཡང་མའོ་ཙེ་ཏུང་གི་དུས་སྐབས་དེར་ལྟག་ལོག་བྱེད་དུ་འཇུག་གི་འདུག་ཅེས་ཐེར་འདོན་བྱས་འདུག ༢༠༡༣་ལོའི་ཕྱི་ཟླ་༤་ནང་དུ་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་ནས་ལོ་གཅིག་འཁོར་གྱི་མེད་ཀྱང་རྒྱ་ནག་དབུས་དམར་ཤོག་ཚོགས་པས་ནང་ཁུལ་དུ་བརྡ་ཐོ་ཞིག་བཀྲམ་ནས་གསར་འགོད་ཚུད་པའི་དམ་དྲག་བྱ་དགོས་པའི་གནད་དོན་ཁག་གི་ཐོ་གཞུང་ཞིག་བཀྲམ། བརྡ་ཐོ་དེའི་དམིགས་འབེན་ནི་ནུབ་ཕྱོགས་ཀྱི་གསར་འགོད་ལྟ་བ་དང་གསར་འགོད་རང་དབང་ལ་འཐབ་རྒོལ་བྱ་རྒྱུ། ནུབ་ཕྱོགས་ཀྱི་གསར་འགོད་ལྟ་བ་དང་གསར་འགོད་རང་དབང་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་དང་ལམ་ལུགས་ལ་རྒྱབ་འགལ་ཡིན་ཞེས་བསྟན། ༢༠༡༦་ལོར་ཞིས་ཅིན་ཕིང་གིས་ནུབ་ཕྱོགས་པའི་ལྟ་བ་རྒྱ་ནག་ལ་སིམ་འཛུལ་བྱེད་ཀྱི་ཡོད་པར་འགོག་རྒོལ་བྱ་དགོས། གསར་འགོད་ལས་རིགས་རྣམས་རྒྱ་ནག་དམར་ཤོག་ཚོགས་པའི་བཀོད་འདོམས་འོག་ཏུ་ཤར་སྐྱོད་བྱ་དགོས་པ་དང་གསར་འགོད་ལས་རིགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པར་སྲི་ཞུ་བསྒྲུབ་དགོས། རྒྱ་ནག་དམར་ཤོག་ཚོགས་པར་སྲུང་སྐྱོབ་དང་དགའ་ཞེན་བྱ་དགོས་ཞེས་ནན་བརྗོད་བྱས་འདུག

འདི་དང་དུས་མཚུངས་སུ་ཞིས་ཅིན་ཕིང་གིས་རང་ཉིད་རྒྱ་ནག་གི་བླ་ན་མེད་པའི་དབུ་ཁྲིད་ཀྱི་གོ་གནས་སུ་བསྐོས། ༢༠༡༤་ལོ་ནས་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་ཞིས་ཅིན་ཕིང་ལ་སྲོག་ཤིང་གི་འགོ་ཁྲིད་ཅེས་འབོད་འགོ་ཚུགས། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པའི་ཐོག་ཏུ་ཞིས་ཅིན་ཕིང་གི་དགོངས་པ་ཞེས་རྒྱ་ནག་དམར་ཤོག་ཚོགས་པའི་རྩ་ཁྲིམས་སུ་བཀོད། མའོ་ཙེ་ཏུང་མ་གཏོགས་རང་ཉིད་འཚོ་གནས་ཡིན་པ་དང་འགོ་ཁྲིད་ལས་ཐོག་འགོ་ཁྲིད་ཡིན་པ་ཞིག་གི་མིང་ཡིག་རྒྱ་ནག་དམར་ཤོག་ཚོགས་པའི་རྩ་ཁྲིམས་སུ་འགོད་ཐུབ་མེད་ཅིང་། དེའི་རྗེས་སུ་ཞིས་ཅིན་ཕིང་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་སྲིད་དབང་འཛིན་པའི་ལས་དུས་མེད་པར་བཏང་སྟེ་མི་ཚེ་ཧྲིལ་བོར་རྒྱ་ནག་གི་སྲིད་དབང་འཛིན་རྒྱུའི་ཆེད་དུ་རྒྱ་ནག་གི་རྩ་ཁྲིམས་ལ་སྒྱུར་བཅོས་བཏང་ཡོད། ད་ལྟ་ཞིས་ཅིན་ཕིང་གིས་ཆབ་སྲིད་དང་དམག་དོན། དཔལ་འབྱོར་དང་ཚོང་ལས། ཆོས་ལུགས་དད་མོས་དང་ཤེས་ཡོན་སློབ་གསོ། གསར་འགོད་ལས་རིགས་བཅས་རྒྱ་ནག་གི་ལས་དོན་མཐའ་དག་ལ་སྟངས་འཛིན་བྱས་ནས་རྒྱ་ནག་སླར་ཡང་མུན་ནག་གི་གླིང་དུ་ཁ་ཕྱོགས་སྒྱུར་གྱི་ཡོད་པ་སྟེ། ཟླ་བ་རྗེས་མ་ནས་རྒྱ་ནག་གི་རྒྱལ་ནང་དུ་དཔལ་འབྱོར་དང་ཚོང་ལས་སོགས་མི་དམངས་བློ་འཚབ་བྱེད་ཀྱི་ཡོད་པ་རྣམས་ཁྱབ་བསྒྲགས་བྱེད་མི་ཆོག་པའི་བཀོད་འདོམས་བྱས་ཡོད་པ་དང་། གཅིག་བྱས་ནས་ལོ་༤༠་ཐམ་པའི་བཅོས་སྒྱུར་སྒོ་འབྱེད་རྗེས་སུ་ཞིས་ཅིན་ཕིང་ལ་རྒྱ་ནག་ཁ་ཕྱོགས་གང་དུ་འཁྲིད་དགོས་མིན་བསམ་བློ་གསར་པ་ཞིག་རྙེད་ཀྱི་མེད་པའི་རྟགས་མཚན་འདུག་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG