ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡེ་མན་གྱི་ནང་འཁྲུག་མཇུག་བསྒྲིལ་རྒྱུའི་རེ་བ་མེད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨེ་ཤེ་ཡའི་ལྷོ་ནུབ་ཕྱོགས་སུ་ཆགས་པའི་ཡེ་མན་རྒྱལ་ཁབ་ལ་སྤྱི་ལོ་༢༠༡༥་ནས་ནང་འཁྲུག་ལངས་ཏེ་ད་ལྟ་བར་དུ་མཚམས་ཆད་མེད། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བར་འདུམ་འོག་ཏུ་བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་ཡུ་རོབ་རྒྱལ་ཁབ་སུད་ཌན་གྱི་རྒྱལ་སར་ཡེ་མན་གྱི་ནང་འཁྲུག་མཚམས་འཇོག་ལ་ཞི་བའི་གྲོས་མོལ་བྱས་ནས་གྲོས་མཐུན་ཞིག་བཞག་ཅིང་། གྲོས་མཐུན་དེར་ཡེ་མན་གྱི་ནང་འཁྲུག་འབྱུང་ས་མཚོ་ཁའི་ཧི་དྷིད་དྷ་གྲོང་ཁྱེར་དུ་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་སྟེ་ཕྱོགས་གཉིས་ཀྱི་བཟུང་དམག་རྣམས་གློད་རེས་བྱ་རྒྱུའི་ཁས་ལེན་བྱུང་རུང་། ཉེ་ཆར་སྤྱི་ཚེས་༡༦་གི་མཚན་མོར་བསྐྱར་དུ་ཧི་ངྷད་ངྷ་གྲོང་ཁྱེར་གྱི་ཤར་རྒྱུད་དང་ལྷོ་རྒྱུད་ཁག་ཏུ་ཡེ་མན་གྱི་དམག་འཐབ་ཤོག་ཁག་གཉིས་ཀྱིས་ཕན་ཚུན་གཏོར་རྒོལ་བྱས་ནས་མི་བཅུ་གྲངས་ཤིག་ལ་སྲོག་སྐྱོན་དང་མི་མང་པོ་ཞིག་རྨས་སྐྱོན་ཕོག་འདུག

ད་ལྟ་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བར་འདུམ་གྲོས་མཐུན་བཞག་པར་རྒྱབ་འགལ་བྱས་སོང་ཞེས་ལེ་བདའ་དང་ཕྱོགས་གཉིས་མི་མཐུན་པའི་འགལ་ཟླ་ཞི་འཇགས་གཏོང་ཐུབ་མེད་པ་རེད། ཡེ་མན་གྱི་ནང་འཁྲུག་སློང་མཁན་ཕྱོགས་གཅིག་ནི་སོ་ཌི་ཨ་རེ་བྷི་ཡས་རྒྱབ་སྐྱོབ་བྱེད་བཞིན་པའི་ཡེ་མོན་གྱི་གཞུང་ཡིན་པ་དང་། ཕྱོགས་གཅིག་ནི་ཨི་རན་གྱིས་རྒྱབ་སྐྱོར་བྱེད་བཞིན་པའི་ཧོ་ཐི་གྱེན་ལོག་པ་ཚོ་ཡིན་ཞིང་། ད་ལྟ་རྒྱལ་ཁབ་དེའི་ནང་འཁྲུག་གིས་རྐྱེན་པས་ཡེ་མན་རྒྱལ་ཁབ་ཀྱི་མི་གྲངས་ས་ཡ་མང་པོས་བཀྲེས་ལྟོགས་ཀྱི་དཀའ་ངལ་མྱོང་བཞིན་ཡོད། ཉེ་ཆར་སྤྱི་ཟླ་༡༢་པའི་ཚེས་༦་ནས་བཟུང་སྟེ་སུད་ཌན་གྱི་རྒྱལ་སར་ཡེ་མན་གྱི་དམག་འཐབ་ཤོག་ཁག་གཉིས་ཀྱི་འཐུས་མི་ཚོ་མཉམ་དུ་འཛོམས་ནས་ཞི་བའི་གྲོས་མོལ་བྱེད་འགོ་ཚུས་ནས་གྲོས་མཐུན་བཞག གྲོས་མཐུན་གཙོ་བོ་ནི་ཡེ་མན་གྱི་ཧི་ངྷད་ངྷ་གྲུ་ཁ་དང་ཧི་ངྷད་ངྷ་གྲོང་ཁྱེར་དུ་ནང་འཁྲུག་མཚམས་འཇོག་བྱ་རྒྱུའི་ཁས་བླངས། མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་གྲོས་མཐུན་དེ་གྲུབ་འབྲས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་སྟེ། གྲོང་ཁྱེར་འདིའི་ནང་དུ་མི་འབོར་བྱེ་བ་གསུམ་ལྷག་ཡོད་པར་མ་ཟད། འདས་པའི་ལོ་གཉིས་ཀྱི་རིང་ལ་གྲོང་ཁྱེར་དེ་སྲིད་གཞུང་ལ་ངོ་ལོག་བྱེད་མཁན་གྱི་ཧུ་ཐི་གྱེན་ལོག་པའི་དབང་སྒྱུར་འོག་ཏུ་ཚུད་པས་སོ་ཌི་ཨ་རེ་བྷི་ཡས་སྣེ་ཁྲིད་པའི་མནའ་འབྲེལ་རྒྱལ་ཁབ་ཁག་གིས་གྲོང་ཁྱེར་དེར་བཟའ་བཅའ་སོགས་སྐྱེལ་འདྲེན་བཀག་ནས་འགལ་རྐྱེན་སྣ་ཚོགས་ཤིག་བསླངས།།

ད་ལྟ་གྲོང་ཁྱེར་འདིའི་ནང་འཁྲུག་མཚམས་བཞག་པ་ཡིན་ན་ནང་འཁྲུག་ལས་བྱུང་བའི་མི་དམངས་ཀྱི་དཀའ་ངལ་མང་པོ་ཞིག་སེལ་ཐུབ་པའི་ཕན་ཐོགས་ཆེན་པོ་ཡོད་ཅིང་། ཡེ་མན་རྒྱལ་ཁབ་ལ་མཚོན་ན་མི་དམངས་ཀྱི་བཟའ་འབྲུ་དང་སྣུམ། སྨན་རྫས་ཀྱི་རིགས་སོགས་བརྒྱ་ཆའི་བདུན་བཅུ་ལྷག་ནང་འདྲེན་ལ་བརྟེན་གྱི་ཡོད་པས་ཧི་ངྷད་ངྷ་གྲུ་ཁ་ནི་ཡེ་མན་གྱི་བཟའ་འབྲུ་སྐྱེལ་ལེན་བྱ་ཡུལ་གནད་འགག་ཆེ་བའི་ས་ཆ་ཤིག་ཡིན། ཐེངས་འདིའི་ནང་འཁྲུག་མཚམས་འཇོག་ལ་བརྟེན་ནས་བཀྲེས་ལྟོགས་ཀྱིས་མནར་བཞིན་པའི་མི་མང་པོ་ཞིག་གི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་ཐུབ་པའི་རེ་བ་བྱེད་ཆོག ཕྱོགས་གཉིས་ཀྱིས་ནང་འཁྲུག་གི་ཁྲོད་དུ་འཛིན་བཟུང་བྱས་ཡོད་པའི་བཟུང་དམག་རྣམས་གློད་གྲོལ་བཏང་སྟེ་ནང་མི་ལྷན་འཛོམས་འབྱུང་དུ་འཇུག་རྒྱུ་ཡང་ཉེ་ཆར་བཞག་པའི་གྲོས་མཐུན་དེའི་དགོངས་དོན་གཙོ་ཞིག་ཡིན་ཞིང་། ཁ་སང་འཇི་ཎི་ཝྭ་ནས་རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་ལས་སྣེ་ཞིག་གིས་བཤད་པ་ལྟར་ན་ཕྱོགས་གཉིས་ཀྱིས་བརྗེ་རེས་བྱ་རྒྱུའི་བཟུང་དམག་གི་མིང་ཐོའི་གྲས་སུ་བཟུང་དམག་གྲངས་༡༦༠༠༠་ཡོད་འདུག གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་ཉེ་ཆར་གྱི་ཞི་བའི་གྲོས་མོལ་སྐབས་སུ་ཡེ་མན་གྱི་གནམ་ཐང་གལ་ཆེན་གཉིས་བསྐྱར་དུ་སྒོ་འབྱེད་བྱ་རྒྱུ་དང་དཔལ་འབྱོར་གྱི་སྒྲིག་གཞི་བསྐྱར་བཅོས་བྱ་ཐབས་བཅས་ལ་གྲོས་མཐུན་མ་བྱུང་མོད། འོན་ཀྱང་ད་དུང་མུ་མཐུད་དུ་གྲོས་མོལ་བྱེད་ཀྱི་ཡོད། གཅིག་བྱས་ན་མ་འོངས་བའི་ཉིན་ཁ་ཤས་ནང་དུ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཐེབས་སྲིད་ཅེས་བཤད། ཡེ་མན་གྱི་ནང་འཁྲུག་ནི་སོ་ཌི་ཨ་རེ་བྷི་ཡ་དང་ཨི་རན་གྱི་་སོགས་རྒྱབ་ཏུ་ཡོད་པའི་རྙོག་འཛིང་ཅན་གྱི་ནང་འཁྲུག་ཅིག་ཡིན་པས་དཀའ་ངལ་འདི་སེལ་པར་དུས་ཡུན་རིང་པོ་འགོར་སྲིད་པའི་ཚོད་དཔག་བྱེད་མཁན་ཡོང་གི་ཡོད་པ་རེད།།

གསར་འགོད་པ། དཀོན་མཆོག་དོན་གྲུབ།།

XS
SM
MD
LG