ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༣/༠༣/༢༩

ཀན་སུའུ་ཞིང་ཆེན་གྱིས་ཧ་ལཱལ་གྱི་ལས་རྟགས་ཕྱིར་འཐེན།


༄༅།།དེང་སྐབས་རྒྱ་ནག་གི་ས་གནས་ཁག་ཏུ་ཁ་ཆེའི་ཆོས་ཁྲིམས་ཀྱི་ལས་རྟགས་བརྒྱབ་པའི་ཧ་ལཱལ་ཞེས་པའི་ཟས་རིགས་དང་ཧ་ལཱལ་གྱི་ཟ་ཁང་། ཧ་ལཱལ་གྱི་ལོངས་སྤྱོད་དངོས་ཟོག་ཅེས་ཚོང་རྫས་སྣ་མང་ཞིག་ཁྲོམ་རའི་ནང་དུ་འགྲེམ་ཚོང་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་དྲྭ་དམངས་ཇི་སྙེད་ཅིག་གིས་ང་ཚོའི་ཉིན་རེའི་འཚོ་བའི་ནང་དུ་ཁ་ཆེའི་ཆོས་ཁྲིམས་སིམ་འཛུལ་བྱས་ནས་བཙན་སྡོམ་བྱེད་ཀྱིན་འདུག ང་ཚོ་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་མིན་པ་རྣམས་ཀྱང་ཁ་ཆེའི་ཆོས་ཁྲིམས་ཀྱི་ལས་རྟགས་འོག་ཏུ་བཙན་འཇུག་བྱེད་ཀྱིན་འདུག་ཅེས་སྐྱོན་བརྗོད་ཀྱི་རྩོམ་ཡིག་རིམ་པ་ཞིག་བྲིས་དང་འབྲི་བཞིན་ཡོད་ཅིང་། དེར་བརྟེན་རྒྱ་ནག་གཞུང་གིས་རང་ཡུལ་གྱི་ཁྲོམ་ར་ཁག་ཏུ་ཧ་ལཱལ་ཞེས་པའི་ལས་རྟགས་ཅན་གྱི་ལོངས་སྤྱོད་དངོས་ཟོག་དང་ཚོང་རྫས་རྣམས་བཙོང་མི་ཆོག་པའི་ཐག་གཅོད་བྱས་ཡོད་པ་སྟེ། ཉེ་ཆར་རྒྱ་ནག་གི་ཀན་སུའུ་ཞིང་ཆེན་གཞུང་གིས་ཁ་ཆེའི་ཆོས་ཁྲིམས་ཁྱབ་གདལ་འགྲོ་བཞིན་པར་འགོག་རྒོལ་དང་མཐའ་ལྷུང་རིང་ལུགས་ལ་འཐབ་རྒོལ། ཁ་ཆེ་མིན་པའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཀན་སུའུ་ཞིང་ཆེན་གྱི་མངའ་ཁོངས་སུ་ཧ་ལཱལ་ཞེས་པའི་ལས་རྟགས་འཁོད་པའི་ཚོང་རྫས་རྣམ་གྲངས་བཞི་བཙོང་མི་ཆོག་པ་དང་ཧ་ལཱལ་ཞེས་སྒོ་བྱང་བྲིས་པའི་ཚོང་ལས་གཉེར་མི་ཆོག་པའི་ཐག་གཅོད་བྱས་འདུག

རྒྱ་ནག་གི་གཅིག་གྱུར་བཅའ་ཁྲིམས་ལྟར་ཀན་སུའུ་ཞིང་ཆེན་གྱི་ཁྲོམ་ར་དོ་དམ་ལས་ཁང་གིས་ཞིང་ཆེན་དེའི་མངའ་ཁོངས་སུ་ཧ་ལཱལ་ཞེས་པའི་ལས་རྟགས་བཀོད་པའི་ཐོན་རྫས་རྣམ་གྲངས་བཞི་བཙོང་མི་ཆོག་པའི་ཐག་གཅོད་བྱས་པ་ཡིན། ཀུན་སུའུ་ཞིང་ཆེན་གཞུང་གིས་བཀག་འགོག་བྱས་པའི་ཧ་ལཱལ་གྱི་ལས་རྟགས་བརྒྱབ་པའི་ཚོང་རྫས་དང་ཚོང་ལས་ཀྱི་གྲས་སུ་ཟས་རིགས་དང་ཟ་ཁང་། དཀར་ཆུའི་ཐོན་སྐྱེད་དང་ཐུག་པའི་རིགས་རྣམས་ཚུད་ཡོད། ཀན་སུའུ་ཞིང་ཆེན་གཞུང་གིས་ཧ་ལཱལ་གྱི་ལས་རྟགས་མེད་པར་གཏོང་གི་ཡོད་པ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་ལམ་སྟོན་དང་རྒྱ་ནག་ལ་ཧ་ལཱལ་གྱི་ལས་རྟགས་ཤིག་ཁྱབ་གདལ་འགྲོ་བཞིན་པར་འཐབ་རྒོལ་བྱ་དགོས་པའི་སྲིད་ཇུས། ཀན་སུའུ་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་གྱི་རྩ་འཛིན་བཅས་ལ་མཐུན་པ་ཞིག་ཡིན་ཞེས་རུས་མིང་ཝང་ཞེས་པ་ཞིག་གིས་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་བཤད།།

རྒྱ་ནག་གི་ཁྲོམ་རའི་ནང་དུ་ཟས་རིགས་དང་འོ་མ། སོ་ཁྲུས་སོ་སྨན། གཙང་ཤོག་བཅས་ལ་ཧ་ལཱལ་ཞེས་པའི་ལས་རྟགས་བརྒྱབ་པ་དེ་ཚོར་རིན་གོང་ཆེ་བ་ཡོད་ཀྱང་ཧ་ལཱལ་གྱི་ལས་རྟགས་བརྒྱབ་པའི་ཚོང་རྫས་རྣམས་གཞན་དང་འདྲ་བའི་གཙང་མ་དང་བསྲེ་སྦྱོར་མེད་པ། ཅ་ལག་རྣམས་སྤུས་དག་ཡིན་པའི་ངེས་པ་མེད། འདི་ནི་རྒྱ་ནག་གི་ཀན་སུའུ་ཞིང་ཆེན་གཅིག་པུ་མིན་པར་རྒྱ་ནག་གི་ཉིན་ཞཱ་ཧོས་རིགས་རང་ཁུལ་དང་མཚོ་སྔོན་ཞིང་ཆེན། ཧྲན་ཤི་དང་ཧེ་ནན་ཞིང་ཆེན། ཡུན་ནན་ཞིང་ཆེན་དང་ཐེན་ཅིན་གྲོང་ཁྱེར་བཅས་ཀྱིས་ཀྱང་རང་རང་གི་མངའ་ཁོངས་སུ་ཧ་ལཱལ་ཞེས་པའི་ལས་རྟགས་བརྒྱབ་ཡོད་པའི་ཟས་རིགས་དང་ཚོང་རྫས་རྣམས་བཙོང་མི་ཆོག་པའི་བཀག་སྡོམ་བྱས་ཡོད་པ་དང་། རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་ཧ་ལཱལ་ཞེས་པའི་ལས་རྟགས་རྣམས་རྒྱ་ནག་གིས་ཕྱིར་ཚོང་དངོས་ཟོག་འབའ་ཞིག་ལ་འགོད་དགོས། རྒྱ་ནག་གིས་ཕྱིར་ཚོང་བྱེད་ཀྱི་ཡོད་པའི་ཧ་ལཱལ་གྱི་དངོས་ཟོག་རྣམས་ཀ་ཆུའི་རྒྱལ་སྤྱིའི་ཧ་ལཱལ་ཟས་རིགས་ཞིབ་འཇུག་ཁང་གིས་ངེས་གཏན་དང་ཐག་གཅོད་བྱེད་ཀྱི་ཡོད་པས་རྒྱལ་ནང་གི་ཚོང་ཟོག་ལ་ཧ་ལཱལ་ཞེས་པའི་ལས་རྟགས་འགོད་དགོས་དོན་མེད་ཅེས་གསར་འགྱུར་སྤེལ།།

ཀན་སུའུ་ཞིང་ཆེན་གཞུང་གིས་བཀག་འགོག་བྱས་པའི་ཧ་ལཱལ་གྱི་ལས་རྟགས་འགོད་ཡུལ་ཟས་རིགས་དང་ཟ་ཁང་། དཀར་ཆུའི་ཐོན་སྐྱེད་དང་ཐུག་པ་རྣམས་༢༠༡༣་དང་༢༠༡༤་གཉིས་ལ་དར་སྤེལ་སོང་བ་ཞིག་ཡིན་པས་ཚོང་རྫས་དེ་དག་ལ་ཧ་ལཱལ་ཞེས་པའི་ལས་རྟགས་འགོད་དགོས་དོན་མེད། རྒྱ་ནག་གི་ས་ཕྱོགས་གང་སར་ཧ་ལཱལ་ཞེས་པའི་ལས་རྟགས་འགོད་རྒྱུའི་ལམ་སྲོལ་ཞིག་དར་གྱི་ཡོད་པར་ཆོས་ལུགས་ཀྱི་མཐའ་ལྷུང་རིང་ལུགས་ཀྱི་ལྟ་བ་འདྲེས་ཏེ་རྒྱ་ནག་གི་ཁ་ཆེ་རྣམས་ཨ་རབ་ཀྱི་རིག་གཞུང་ཁོངས་སུ་འདུ་བའི་འདུ་ཤེས་ཤིག་སྤྲོད་ཀྱིན་འདུག ང་ཚོས་ཕུགས་ལ་བསམ་བློ་བཏང་ན་ཧ་ལཱལ་ཞེས་པའི་ལས་རྟགས་བརྒྱབ་པ་འདིས་རྒྱ་ནག་གི་ཁ་ཆེ་གྲངས་ཉུང་མི་རིགས་དང་རྒྱ་མི་རིགས་གཉིས་ཀྱི་འབྲེལ་ཐག་རིང་དུ་གཏོང་སྲིད། རྒྱ་ནག་ལ་ཆོས་ཁྲིམས་ཀྱི་ལས་རྟགས་བཀོད་པའི་ཟས་རིགས་རྣམས་ལོགས་སུ་དགར་དགོས་པའི་ལུགས་སྲོལ་དར་མེད་པ་དང་རྒྱ་ནག་གིས་ཆོས་ལུགས་ལ་མ་འབྲེལ་བའི་སྤྱི་ཚོགས་ལམ་ལུགས་ཤིག་རྒྱུན་འཁྱོངས་བྱེད་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད་ཅེས་ཕྱི་ཟླ་༡༢་ཚེས་༡༧་ཉིན་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་མི་རིགས་ལས་དོན་ལྷན་ཁང་གི་མཐོ་རིམ་འགོ་ཁྲིད་ཟུར་པ་ཀྲུའུ་ཝེ་ཆུན་གྱིས་གོ་ལའི་དུས་བབ་ཚགས་པར་གྱི་གསར་འགོད་པར་བཤད་འདུག


XS
SM
MD
LG