ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༤/༡༨

པར་པ་གྲགས་ཅན་ལུའུ་ཀོང་དངོས་སུ་འཛིན་བཟུང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་དུ་གཏན་སྡོད་བྱེད་མཁན་རྒྱ་ནག་གི་པར་པ་གྲགས་ཅན་ལུའུ་ཀོང་གྲོགས་པོ་ཞིག་གིས་གདན་འདྲེན་ཞུས་ནས་ཉེ་སྔོན་ཟླ་༡༠་པའི་ཟླ་མཇུག་དེར་ཞིན་ཅང་ལ་བསྐྱོད། སྤྱི་ཟླ་༡༡་པའི་ཚེས་༣་གྱི་མཚན་མོ་ནས་བཟུང་སྟེ་བཟའ་མི་ཚོ་ལུའུ་ཀོང་ལ་འབྲེལ་བ་ཆད་ནས་གར་སོང་ཆ་མེད་དུ་གྱུར། ཉེ་ཆར་པར་པ་ལུའུ་ཀོང་གི་བཟའ་མི་ཚོར་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཁ་ཤི་སྒར་གྲོང་ཁྱེར་གྱི་ཉེན་རྟོག་པས་ལུའུ་ཀོང་དངོས་སུ་འཛིན་བཟུང་བྱས་པ་ཡིན་ཞེས་ཁ་པར་བཏང་ནས་བརྡ་ཞིག་འབྱོར་འདུག ཡིན་ནའང་ད་དུང་རྒྱ་ནག་གི་འབྲེལ་ཡོད་ཚན་པ་ཁག་གིས་ཡིག་ཐོག་ཏུ་གཞུང་འབྲེལ་གྱི་བརྡ་ཐོ་ཅི་ཡང་བཏང་མ་སོང་ཞེས་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་དུ་གནས་འཁོད་པ་ལུའུ་ཀོང་གི་ཆུང་མ་ཞོས་ཞོ་ལིས་སྤྱི་ཟླ་༡༢་པའི་ཚེས་༡༡་ཉིན་ཊོས་ཊིར་དྲྭ་ལམ་དུ་གནས་ཚུལ་སྤེལ་འདུག

པར་པ་ལུའུ་ཀོང་སྤྱི་ཟླ་༡༠་པའི་ཚེས་༢༣་ཉིན་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་གྱི་རྒྱལ་ས་ཨུ་རུ་མུ་ཆི་གྲོང་ཁྱེར་དུ་བསྐྱོད་ནས་ཞིན་ཅང་ས་གནས་ཀྱི་པར་པ་འགའ་ཞིག་གི་ལྷན་དུ་བསམ་ཚུལ་བརྗེ་རེས་ཀྱི་ཚོགས་འདུ་ཞིག་ལ་མཉམ་ཞུགས་བྱེད་དུ་བསྐྱོད་པས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཤིང་། སྐབས་དེར་བཟའ་ཟླ་ཞོས་ཞོ་ལིས་རང་གི་ཁྱོ་ག་ལུའུ་ཀོང་དང་ཁོ་པའི་གྲོགས་པོ་གཉིས་རྒྱ་ནག་གི་ཉེན་རྟོག་པས་ཁ་ཤི་སྒར་གྲོང་ཁྱེར་དུ་ཁྲིད་འདུག ཁོ་ཚོ་རྒྱུ་རྐྱེན་ཅི་ཞིག་གི་ཆེད་དུ་ཁྲིད་པ་ཡིན་མིན་ནི་ཤེས་ཀྱི་མི་འདུག་ཅེས་བརྗོད། པར་པ་ལུའུ་ཀོང་ནི་༡༩༦༡་ལོར་རྒྱ་ནག་ཀྲེ་ཅང་ཞིང་ཆེན་དུ་སྐྱེས། ༡༩༩༣་ནས་བཟུང་སྟེ་རང་དབང་གི་དངོས་བཤུས་པར་ལེན་པའི་ཆེད་ལས་གཉེར། དེའི་རྗེས་སུ་འཛམ་གླིང་གསར་འགྱུར་པར་པའི་འགྲན་སྡུར་ལ་ཞུགས་ནས་གསེར་གྱི་རྟགས་མ་དང་འཛམ་གླིང་གི་པར་པ་གྲགས་ཅན་ཡུ་ཇིན་སི་མི་ཐེ་སིའི་མི་ཆོས་རིང་ལུགས་དངོས་བཤུས་པར་ལན་ཐེབས་རྩ་ཁང་གི་བྱ་དགའ་སོགས་རྒྱལ་སྤྱིའི་སྟེང་གི་པར་པའི་བྱ་དགའ་འགའ་ཞིག་ཐོབ།།

ད་ལྟ་ལུའུ་ཀོང་ཨ་མི་རི་ཀར་གཏན་སྡོད་བྱེད་ཆོག་པའི་ལག་འཁྱེར་ལྗང་ཁུ་ཐོབ་ཡོད་པས་ཁོ་པ་རྒྱུན་ཏུ་རྒྱ་ནག་ལ་བསྐྱོད་ནས་རྒྱ་ནག་གི་སྤྱི་ཚོགས་གནད་དོན་མང་པོ་ཞིག་བརྙན་པར་དུ་འབེབས་བཞིན་ཡོད་ཅིང་། ཁོང་གིས་འདྲ་པར་བླངས་པའི་གྲས་སུ་རྒྱ་ནག་གི་ཁོར་ཡུག་སྲུང་སྐྱོབ་དང་མང་ཚོགས་ཀྱི་དཀའ་ངལ་སོགས་གཞུང་ལ་ཕོག་ཐུག་འགྲོ་བའི་བརྗོད་གཞིའི་རིགས་འདུས། དེར་བརྟེན་ཁོ་པ་རྒྱུན་ཏུ་རྒྱ་ནག་ལ་འགྲོ་སྐྱོད་བྱེད་ཀྱི་ཡོད་པ་ནི་ཉེན་ཁའི་ནང་དུ་མདུན་མཆོིང་བྱེད་ཀྱི་ཡོད་པ་ཞིག་ཡིན་ཞིང་། ད་ལྟ་རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་ལྷན་ཚོགས་དང་རྒྱལ་མཚམས་མེད་པའི་རྒྱལ་སྤྱིའི་གསར་འགོད་པའི་མཐུན་ཚོགས་བཅས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་ལ་པར་པ་ལུའུ་ཀོང་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས། རྒྱ་ནག་གཞུང་ལ་རང་གི་ས་གནས་ཁག་ཏུ་གསར་འགོད་པའི་བདེ་འཇགས་དང་འགྲོ་སྐྱོད་རང་དབང་ལ་སྲུང་སྐྱོབ་བྱ་དགོས་པའི་འགན་འཁྲི་ཡོད་པ་ཇི་བཞིན་རྒྱ་ནག་ལ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ས་གནས་ཁག་ཏུའང་ལས་འགན་དེ་བསྒྲུབ་དགོས་པའི་འགན་འཁྲི་ཡོད་ཅེས་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་དགོས་འདུན་བཏོན་འདུག་པར་མ་ཟད། ཉེ་བའི་ལོ་འགའི་རིང་དུ་རྒྱ་ནག་གཞུང་གིས་ཞིན་ཅང་ལ་སློབ་གསོ་བསྐྱར་མ་སྤེལ་སར་སྙད་བཏགས་ནས་བཀག་ཉར་ཁང་བརྒྱ་ཕྲག་མང་པོ་སྒོ་ཕྱེ་ནས་མི་ས་ཡ་གཅིག་ལྷག་བཀག་ཉར་བྱས་ཡོད་པ་པའི་གནས་ཚུལ་རྣམས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་དང་རྒྱལ་ཁབ་མང་པོས་ཐེར་འདོན་བྱས་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཆེན་པོ་བྱེད་ཀྱི་ཡོད་པ་ལྟར་དེང་སྐབས་རྒྱ་ནག་གཞུང་གིས་རང་དབང་པར་ལེན་པ་ལུའུ་ཀོང་ཞིན་ཅང་གི་ས་གནས་ཤིག་ཏུ་འཛིན་བཟུང་བྱས་པ་དེ་ལའང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་པ་རེད།།

གསར་འགོད་པ་དཀོན་མཆོག་དོན་གྲུབ།།

XS
SM
MD
LG