ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

སྲིད་བློན་འཕོ་འགྱུར་གྱི་འོས་ཤོག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།།ཕྱི་ཟླ་༡༢་ཚེས་༡༢་ཉིན་དབྱིན་ཇིའི་གྲོས་ཚོགས་སུ་གཞུང་འཛིན་རྙིང་ཞེན་ཚོགས་པའི་འཐུས་མི་ཚོས་སྲིད་བློན་ཊེ་རི་ས་མཱེའི་འགོ་ཁྲིད་ལ་ཡིད་ཆེས་མེད། དབྱིན་ཇིའི་སྲིད་བློན་ལ་འཕོ་འགྱུར་གཏོང་དགོས་པའི་འོས་ཤོག་འཕངས་ཀྱང་སྲིད་བློན་ཊེ་རི་ས་མཱེས་འཕྲལ་དུ་རང་གི་ལས་གནས་ནས་གནང་བ་ཞུ་རྒྱུ་མིན། ང་དང་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱེད་ཕྱོགས་སུ་གྲོས་མཐུན་ཞིག་བཞག་པར་དགེ་མཚན་ཡོད་ཅེས་ལན་བཏབ། ཁ་སང་སྲིད་བློན་ཊེ་རི་ས་མཱེས་དབྱིན་ཇིའི་གྲོས་ཚོགས་སུ་གྲོས་མཐུན་དེར་མོས་མཐུན་ཡོད་མེད་འོས་ཤོག་འཕེན་དུ་འཇུག་རྒྱུ་ཕར་འགྱངས་བྱས་ཞིང་། ཁོང་གིས་གསར་འགོད་པ་ཚོར་ང་ལ་གྲོས་ཚོགས་སུ་ཡིད་ཆེས་མེད་པའི་འོས་ཤོག་འཕེན་གྱི་ཡོད་པར་གང་ཐུབ་ཀྱིས་འཐབ་རྒོལ་བྱ་རྒྱུ་ཡིན་ཞེས་སྲིད་བློན་གྱི་ལས་ཁུངས་མདུན་དུ་བསྒྲགས།།

སྲིད་བློན་ཊེ་རི་ས་མཱེས་སྲིད་གཞུང་གི་འགོ་ཁྲིད་ལ་འཕོ་འགྱུར་དང་སྲིད་བློན་གསར་པ་ཞིག་འདེམས་བསྐོ་བྱེད་པར་བདུན་ཕྲག་མང་པོ་འགོར་སྲིད། ད་ལྟའི་དུས་སྐབས་འདིར་སྲིད་བློན་ལ་འཕོ་འགྱུར་བཏང་ན་དབྱིན་ཇིའི་མདུན་ལམ་དེ་ཉིད་ངེས་གཏན་མེད་པར་འགྱུར་ངེས་ཡིན། དབྱིན་ཇིའི་མདུན་ལམ་ལ་ནམ་ཡང་ངེས་གཏན་མེད་པ་ཞིག་འབྱུང་དུ་འཇུག་ཐབས་མེད་ཅེས་བཤད་ཀྱང་གཟའ་ལྷག་པའི་དགོང་མོར་དབྱིན་ཇིའི་གཞུང་འཛིན་རྙིང་ཞེན་ཚོགས་པའི་འཐུས་མི་མང་ཆེ་བས་སྲིད་བློན་གྱི་འགོ་ཁྲིད་ལ་ཡིད་ཆེས་མེད་ཅེས་འོས་ཤོག་འཕངས། དེར་བརྟེན་དབྱིན་ཇིའི་གཞུང་གིས་སྲིད་བློན་གསར་པ་ཞིག་འདེམས་བསྐོ་བྱ་དགོས་པ་དང་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་སྲིད་བློན་ཊེ་རི་ས་མཱེ་ལ་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱུང་བ་འགྲིག་ཡོད་མེད་ལ་བསྐྱར་དུ་མང་མོས་འོས་འདེམས་བྱེད་པའམ། ཡང་ན་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱེད་ཕྱོགས་ཀྱི་གྲོས་མཐུན་ཞིག་བཞག་པར་མོས་མཐུན་ཡོད་མེད་དབྱིན་ཇིའི་མི་དམངས་ལ་མང་མོས་འོས་འདེམས་བྱ་དགོས་ཞེས་ནན་གྱིས་བསྐུལ།།

དབྱིན་ཇིའི་གྲོས་ཚོགས་སུ་སྲིད་བློན་ཊེ་རེ་ས་མཱེའི་འགོ་ཁྲིད་ལ་ཡིད་ཆེས་མེད་ཅེས་འོས་ཤོག་འཕངས་པའི་སྟབས་ཀྱིས་སྲིད་བློན་ཊེ་རི་ས་མཱེ་དང་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱེད་ཕྱོགས་ཀྱི་གྲོས་མཐུན་ཞིག་བཞག་ཡོད་པ་བརྩི་མེད་འགྲོ་སྲིད། གྲོས་མཐུན་དེར་བརྩི་མེད་སོང་ན་ལོ་རྗེས་མའི་ཕྱི་ཟླ་༣་ཚེས་༢༩་ཉིན་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་དུས་ཐོག་ཏུ་ཕྱིར་འཐེན་བྱ་ཐུབ་རྒྱུ་ཡིན་མིན་ངེས་གཏན་མེད་པར་མ་ཟད། དབྱིན་ཇི་སླར་ཡང་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱེད་ཕྱོགས་ཀྱི་གྲོས་བསྡུར་བྱ་དགོས། ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱེད་ཕྱོགས་ཀྱི་གྲོས་མཐུན་ཞིག་བཞག་ཟིན་པར་བསྐྱར་དུ་གྲོས་མོལ་བྱ་རྒྱུ་མེད། དབྱིན་ཇིའི་གཞུང་གིས་གྲོས་མཐུན་དེ་ལག་ལེན་བསྟར་ཕྱོགས་སུ་ཡུ་རོབ་མཉམ་འབྲེལ་གྱིས་མཐུན་འགྱུར་རོགས་རམ་བྱེད་ཆོག་ཅེས་གསལ་བོར་བསྟན། ཕྱི་ཟླ་༡༢་ཚེས་༡༢་ཉིན་དབྱིན་ཇིའི་སྲིད་བློན་གྱིས་ནེ་དྷར་ལན་ཌིའི་སྲིད་བློན་དང་འཇར་མན་ཎིའི་སྲིད་བློན། ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་བྱས་ནས་གྲོས་མཐུན་དེའི་འབྲུ་དོན་ཁག་ཅིག་ལ་ཆག་ཡང་ཐོབ་ཐབས། དབྱིན་ཇིའི་གྲོས་ཚོགས་འཐུས་མི་ཚོས་རྒྱབ་སྐྱོར་བྱེད་པའི་གྲོས་མཐུན་གསར་པ་ཞིག་ལ་འབད།།

དབྱིན་ཇིའི་སྲིད་བློན་ཞིག་གནས་དབྱུང་གཏོང་བར་གྲོས་ཚོགས་འཐུས་མི་བརྒྱ་ཆ་བཅོ་ལྔས་སྲིད་བློན་གྱི་འགོ་ཁྲིད་ལ་ཡིད་ཆེས་མེད་ཅེས་འོས་ཤོག་འཕེན་དགོས། ད་ལྟའི་དབྱིན་ཇིའི་གཞུང་འཛིན་རྙིང་ཞེན་ཚོགས་པའི་ནང་ཁུལ་དུ་སྲིད་བློན་ཊེ་རི་ས་མཱེའི་འགོ་ཁྲིད་ལ་ཡིད་ཆེས་མེད་ཅེས་འོས་ཤོག་འཕེན་མཁན་གྲོས་ཚོགས་འཐུས་མི་བརྒྱ་ཆ་༡༥་ལས་མང་བ་ཡོད་ཅིང་། སྲིད་བློན་ཊེ་རི་སི་མཱེ་ལ་གྲོས་ཚོགས་ཀྱི་འབྲེལ་ཡོད་ལས་སྣེ་ཚོས་སྲིད་བློན་གྱི་འགོ་ཁྲིད་ལ་ཡིད་ཆེས་མེད་པའི་འོས་ཤོག་འཕེན་རྒྱུ་ལག་ལེན་བསྟར་དགོས་ཀྱིན་འདུག གཟའ་ལྷག་པའི་དགོང་མོའི་ཆུ་ཚོད་༦་པ་ནས་༨་པའི་བར་དུ་འོས་ཤོག་འཕེན་རྒྱུའི་ལས་རིམ་གོ་སྒྲིག་བྱས་ཡོད་ཅེས་སྙན་སེང་ཞུས་ཡོད། འོས་ཤོག་རྣམས་འཕྲལ་དུ་གྲངས་ཀ་རྩིས་ཏེ་གྲུབ་འབྲས་ཕྱིར་བསྒྲགས་བྱ་སྲིད་ཅེས་བཤད། སྲིད་བློན་ཊེ་རི་ས་མཱེས་རང་གི་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོར་དུས་ཚོད་ལ་བལྟ་དགོས། སྲིད་བློན་གསར་པ་དེར་བསྐྱར་དུ་ཡུ་རོབ་མཉམ་འབྲེལ་ལ་གྲོས་མོལ་བྱེད་པའི་དུས་ཚོད་མི་འདུག ཕྱི་ཟླ་༣་ཚེས་༢༩་ཉིན་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་དགོས་པའི་ཚེས་གྲངས་གཏན་འབེབས་བྱུང་ཡོད། དེས་ན་སྲིད་བློན་གསར་པས་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ཕར་འགྱངས་གཏོང་དགོས། དེ་ལྟར་བྱས་ན་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་འགག་སྲིད་ཅེས་རྒྱུ་མཚན་བགྲངས་འདུག

སི་ཀོ་ཊི་ལན་ཌིའི་འགོ་ཁྲིད་ཀྱིས་དབྱིན་ཇིའི་གཞུང་འཛིན་ཚོགས་པའི་ནང་ཁུལ་དུ་འཐབ་འཛིང་བྱས་ནས་རྒྱལ་ཁབ་ཀྱི་མདུན་ལམ་ལ་གནོད་སྐྱོན་གཏོང་གི་འདུག སྲིད་བློན་གཅིག་པུ་མིན་པར་དབྱིན་ཇིའི་གཞུང་འཛིན་རྙིང་ཞེན་ཚོགས་པའི་འཐུས་མི་ཚང་མ་གནས་དབྱུང་གཏོང་དགོས་ཞེས་སྐྱོན་བརྗོད་བྱས་པ་དང་། དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་དང་ནོར་སྲིད་དྲུང་ཆེ་གཙོ་བོར་གྱུར་པའི་བློན་ཆེན་ཁག་གིས་སྲིད་བློན་ཊེ་རི་ས་མཱེ་ལ་རྒྱབ་སྐྱོར་ཡོད། སྲིད་བློན་གྱི་ཆབ་སྲིད་བསྐྱངས་ནས་བཟུང་སྟེ་རྒྱལ་ཁབ་ཀྱི་དོན་དུ་དཀའ་ལས་ཆེན་པོ་བརྒྱབ་སོང་། ཁོང་དང་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་པ་དེའི་སྐབས་སུ་དབྱིན་ཇིའི་ཚོང་ལས་དང་ལས་ཀའི་གོ་སྐབས་རྣམས་དམ་འཛིན་བྱས་སོང་ཞེས་བཤད་མོད། འོན་ཀྱང་སྲིད་དོན་ཉམས་ཞིབ་པ་ཚོས་དབྱིན་ཇིའི་གྲོས་ཚོགས་སུ་འཐུས་མི་༤༨་ནས་༥༢་ཙམ་གྱིས་ཊེ་རེ་ས་མཱེའི་འགོ་ཁྲིད་ལ་ཡིད་ཆེས་མེད་ཅེས་འོས་ཤོག་འཕངས་ན་འཕོ་འགྱུར་མ་བཏང་ཐབས་མེད་ཡིན། སྲིད་བློན་གྱིས་ཀུན་སྤྱོད་ཐོག་ཏུ་སྔར་བཞིན་ཨུ་ཚུགས་བརྒྱབ་ནས་འདུག་ཐུབ་ཐབས་མེད། དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱེད་ཕྱོགས་ནས་བྱུང་བའི་དཀའ་ངལ་རྣམས་སྲིད་བློན་གྱི་དཀའ་ངལ་ཞིག་གམ། ཡང་ན་གཞུང་འཛིན་རྙིང་ཞེན་ཚོགས་པའི་དཀའ་ངལ་ཞིག་མིན། འདི་ནི་དབྱིན་ཇི་རྒྱལ་ཁབ་ལ་འཕྲད་བཞིན་པའི་དཀའ་ངལ་ཆེན་པོ་ཞིག་རེད་ཅེས་མཐའ་སྡོམ་བརྒྱབ། དབྱིན་ཇིའི་སྲིད་བློན་ལ་ཡིད་ཆེས་མེད་པའི་འོས་ཤོག་འཕངས་པའི་རྗེས་སུ་སྲིད་བློན་གསར་པ་ཞིག་འདེམས་བསྐོ་བྱེད་པར་ཟླ་བ་གཅིག་དང་ཕྱེད་ཀ་འགོར་རྒྱུ་ཡིན་པ་དེའི་རིང་ལ་སྲིད་བློན་ལས་ཐོག་དེས་ལྟ་སྐྱོང་བློན་ཆེན་གྱི་ལས་འགན་ཁུར་དགོས་པ་རེད།།

XS
SM
MD
LG