ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་གྲོས་ཚོགས་གོང་མས་བོད་ལ་འགྲོ་སྐྱོད་འདྲ་མཉམ་ཁྲིམས་འཆར་ལ་རྒྱབ་སྐྱོར།


༄༅།། ཕྱི་ཟླ་༡༢་པའི་ཚེས་༡༡་གི་དགོང་མོར་ཨ་རིའི་གྲོས་ཚོགས་གོང་མས་བོད་ལ་འགྲོ་སྐྱོད་འདྲ་མཉམ་གྱི་ཁྲིམས་འཆར་དེར་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་འདུག ཕྱི་ཟླ་༡༡་ཚེས་༢༨་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཁྲིམས་འཆར་དེར་སྤྱི་མོས་ཀྱིས་རྒྱབ་སྐྱོར་གྲོས་ཆོད་བཞག་ཅིང་། ལོ་འདིའི་ཕྱི་ཟླ་༩་པའི་ནང་དུ་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་བོད་ལ་འགྲོ་སྐྱོད་འདྲ་མཉམ་གྱི་ཐོབ་ཐང་ཁྲིམས་འཆར་དེར་རྒྱབ་སྐྱོར་ཐོབ་ནས་གྲོས་ཆོད་གཏན་འབེབས་བྱུང་། ད་ལྟ་ཁྲིམས་འཆར་དེ་ཕོ་བྲང་དཀར་པོར་ཕུལ་ནས་སྲིད་འཛིན་ཌོ་ནལ་ཊམ་གྱིས་མཚན་རྟགས་འགོད་པ་དང་། སྲིད་འཛིན་གྱིས་མཚན་རྟགས་བཀོད་པའི་རྗེས་སུ་ཁྲིམས་འཆར་དེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སུ་གྱུར་ནས་ཨ་རིའི་གཞུང་གིས་ལག་ལེན་བསྟར་དགོས་ཤིང་། ཉེ་ཆར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀས་བོད་ལ་འགྲོ་སྐྱོད་འདྲ་མཉམ་གྱི་ཐོབ་ཐང་ཁྲིམས་འཆར་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་ཚེ། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བཅའ་ཁྲིམས་དེར་རྒྱབ་སྐྱོར་ཡོད་ཅེས་གསར་འགོད་པ་ཚོར་བཤད་འདུག

བོད་ལ་འགྲོ་སྐྱོད་འདྲ་མཉམ་གྱི་ཐོབ་ཐང་ཁྲིམས་འཆར་དེར་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཁག་དང་གསར་འགོད་པ། རྒྱ་ནག་མི་དམངས་དང་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཨ་མི་རི་ཀར་ཡོང་ཆོག་གི་ཡོད་པ་ལྟར་རྒྱ་ནག་གཞུང་གིས་ཀྱང་ཨ་མི་རི་ཀའི་གསར་འགོད་པ་དང་ཕྱི་འབྲེལ་མི་སྣ། ཡུལ་སྐོར་སྤྲོ་འཆམ་པ་དང་ཨ་རིའི་སྤྱི་དམངས་བོད་པ་ཚོ་བཀག་འགོག་མེད་པར་བོད་ལ་ཡོང་དུ་འཇུག་དགོས་ཞེས་བཀོད་ཡོད་པར་མ་ཟད། ལྷག་པར་དུ་ཨ་མི་རི་ཀའི་སྤྱི་དམངས་བོད་པ་ཚོ་བོད་ལ་གཉེན་འཕྲད་དང་གནས་སྐོར་དུ་བསྐྱོད་འདོད་ཡོད་ཀྱང་རྒྱ་ནག་གཞུང་ཚབ་ཁང་དང་རྒྱ་ནག་གི་ཕྱི་འབྲེལ་དོན་གཅོད་ལས་ཁང་ཁག་གིས་ཨ་རིའི་བོད་པ་ཚོ་བོད་ལ་བསྐྱོད་ཆོག་པའི་ཐོངས་མཆན་མི་སྤྲོད་པའམ། ཐོངས་མཆན་སྤྲོད་པའི་དབང་དུ་བཏང་རུང་ཟླ་བ་མང་པོར་སྒུག་དགོས་པ་དང་ཡིག་ཆ་སྣ་མང་ཞིག་འཁྱེར་ཤོག་ཅེས་དཀའ་ངལ་ཆེན་པོ་སྤྲོད་ཀྱི་ཡོད་པ་རྣམས་འཁོད་འདུག

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་མེ་སི་ཡིས་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་གི་འཐུས་མི་ཚོས་བོད་ལ་འགྲོ་སྐྱོད་འདྲ་མཉམ་གྱི་ཐོབ་ཐང་ཁྲིམས་འཆར་དེར་སྤྱི་མོས་ཀྱིས་གྲོས་ཆོད་བཞག་པ་དེས་ཨ་རིའི་རྒྱ་ཆེའི་མང་ཚོགས་ཀྱི་ཁྲོད་དུ་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་ཡོད་པའི་རྣམ་པ་སླར་ཡང་གསལ་སྟོན་བྱས་པ་རེད། ཁྲིམས་འཆར་འདི་ཨ་རིའི་གྲོས་ཚོགས་གོང་མར་མཚམས་སྦྱོར་གནང་མཁན་གྲོས་ཚོགས་གོང་མའི་འཐུས་མི་མཱར་ཁོ་རུ་བྷིའོ་དང་ཕྱི་འབྲེལ་ཚོགས་ཆུང་གི་མཐོ་རིམ་འཐུས་མི་བྷོབ་ཀོར་ཁེ་སི། གྲོས་ཚོགས་གོང་མའི་འཐུས་མི་མན་ཌེ་སི་བཅས་ལ་བོད་དོན་ཐོག་ཏུ་གཡོ་བ་མེད་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་གནང་བར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་དང་། བོད་ལ་འགྲོ་སྐྱོད་འདྲ་མཉམ་གྱི་ཐོབ་ཐང་ཁྲིམས་འཆར་ནང་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་གཞུང་གིས་ཨ་རི་བ་ཚོར་བོད་ལ་འགྲོ་སྐྱོད་འདྲ་མཉམ་གྱི་གོ་སྐབས་སྤྲོད་ཀྱི་ཡོད་མེད་ཞིབ་འཇུག་བྱས་ནས་གྲོས་ཚོགས་སྙན་ཐོ་འབུལ་དགོས། བོད་ལ་འགྲོ་སྐྱོད་འདྲ་མཉམ་གྱི་ཐོབ་ཐང་མི་སྤྲོད་པའི་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཁག་ཨ་མི་རི་ཀར་ཡོང་མི་ཆོག་པའི་བཀག་སྡོམ་བྱ་དགོས་ཞེས་བཀོད་ཡོད་པ་རེད།།

XS
SM
MD
LG