ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

རྒྱ་དཀར་ནག་གི་མཉམ་འབྲེལ་དམག་སྦྱོང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།།རྒྱ་དཀར་ནག་གཉིས་ཀྱིས་འབྲོག་ལམ་ས་ཁུལ་དུ་དམག་གསོག་བརྒྱབ་སྟེ་འཐབ་འཁྲུག་གི་ཛ་དྲག་བྱུང་ནས་ལོ་གཅིག་དང་ཕྱེད་ཀ་ཕྱིན་པའི་གཞུག་འདིར་རྒྱ་དཀར་ནག་གཉིས་ཀས་སླར་ཡང་མཉམ་འབྲེལ་དམག་སྦྱོང་བྱས་ནས་ཡིད་ཆེས་སྐྲུན་ཐབས་བྱེད་ཀྱི་ཡོད། ཡིན་ནའང་རྒྱ་དཀར་ནག་གཉིས་ལ་གཞི་རྩའི་ཆ་ནས་ཕན་ཚུན་ཡིད་ཆེས་མེད་པ་དང་འགལ་ཟླ་སྣ་མང་ཞིག་ཡོད་པ་སེལ་ཐུབ་ཀྱི་མེད་པ་སྟེ། ཉམས་ཞིབ་པ་ཚོས་སང་ཉིན་གཟའ་མིག་དམར་ནས་རྒྱ་ནག་གི་ཁྲེན་ཏུའུ་གྲོང་ཁྱེར་དུ་རྒྱ་དཀར་ནག་གཉིས་ཀྱིས་མཉམ་འབྲེལ་དམག་སྦྱོང་ཞིག་བྱེད་ཀྱི་ཡོད་པར་ཕྱོགས་གཉིས་ཀྱི་དམག་གི་འབྲེལ་བ་ཡར་རྒྱས་གཏོང་བར་ཕན་ཐོགས་ཡོད་སྲིད། འོན་ཀྱང་བོད་ཀྱི་ས་མཚམས་ཁག་ཏུ་རྒྱ་དཀར་ནག་གཉིས་ལ་རྩོད་པ་ཡོད་པ་དང་ཕན་ཚུན་ཡིད་ཆེས་མེད་པའི་དོགས་པ་སེལ་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད་འདུག

རྒྱ་དཀར་ནག་གི་དམག་སྦྱོང་འདི་༢༠༡༣་ལོར་མགོ་ཚུགས་ཀྱང་ན་ནིང་རྒྱ་དཀར་ནག་གཉིས་ལ་བོད་ཀྱི་འབྲོག་ལམ་ས་ཁུལ་དུ་དམག་འཁྲུག་གི་ཛ་དྲག་བྱུང་རྗེས་ཕྱོགས་གཉིས་ཀྱི་མཉམ་འབྲེལ་དམག་སྦྱོང་ཕྱིར་འཐེན་བྱས་པ་དང་། རྒྱ་དཀར་ནག་གི་མཉམ་འབྲེལ་དམག་སྦྱོང་གི་དམིགས་ཡུལ་གཙོ་བོ་ཕྱོགས་གཉིས་ཀྱི་དམག་གི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་དང་འཇིགས་སྐུལ་རིང་ལུགས་ལ་མཉམ་དུ་འཐབ་རྒོལ་བྱ་རྒྱུའི་ཆེད་དུ་ཡིན་ཞིང་། ཟླ་བ་སྔོན་མར་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཨར་ཆིན་ཊི་ནར་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་ཚོའི་ལོ་འཁོར་ཚོགས་ཆེན་ཞོར་དུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་རྒྱ་གར་གྱི་སྲིད་བློན་མོ་དྷི་གཉིས་ལོ་འདིའི་ཕྱི་ཟླ་༤་པ་ནས་རྒྱ་དཀར་ནག་གི་འབྲེལ་བར་མངོན་གསལ་དོད་པོ་ཞིག་ཡར་རྒྱས་ཕྱིན་ཡོད་པའི་གྲོས་མཐུན་བྱུང་། ༢༠༡༨་ལོའི་ཕྱི་ཟླ་༤་པར་ཞིས་ཅིན་ཕིང་དང་མོ་དྷི་གཉིས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་ཐུག་འཕྲད་གྲོས་མོལ་བྱས་ནས་འབྲོག་ལམ་ས་ཁུལ་དུ་དམག་འཁྲུག་གི་ཛ་དྲག་བྱུང་བ་ཞི་འཇམ་བཏང་འདུག

རྒྱ་དཀར་ནག་གཉིས་ཕྱོགས་གང་ཐད་དུ་མཉམ་འབྲེལ་བྱ་དགོས་པ་དང་མཉམ་འབྲེལ་བྱས་ན་ཁེ་ཕན་ཡོད་ས་མང་དག་ཅིག་ཡོད་ཀྱང་ཕྱོགས་གཉིས་ཕན་ཚུན་ཡིད་ཆེས་མེད་པའི་དོགས་ཟོན་འབའ་ཞིག་གིས་འདས་པའི་ལོ་༧༠་ཡས་མས་ཤིག་ལ་རྒྱ་དཀར་ནག་གཉིས་ཀར་བོད་ཀྱི་ས་མཚམས་ཁག་ཏུ་རྩོད་གཞི་ཡོད་པ་སེལ་ཐུབ་མེད་པ་དང་ཕྱོགས་གཉིས་ཀྱི་ཚོང་ལས་ཡར་རྒྱས། དཔལ་འབྱོར་རྒྱ་སྐྱེད་དང་རྒྱ་དཀར་ནག་གི་ཤེས་ཡོན་ཅན་རྣམས་མཉམ་འབྲེལ། རྒྱ་དཀར་ནག་གི་ཚན་རིག་ལག་རྩལ་སོགས་མཉམ་འབྲེལ་བྱས་ནས་ཨེ་ཤི་ཡ་དང་འཛམ་གླིང་ཁྱོན་ཡོངས་ལ་ལེགས་སྐྱེས་ཆེན་པོ་ཞིག་འབུལ་ཐུབ་ཀྱི་མེད་ཅིང་། ད་དུང་ཡང་རྒྱ་ནག་དཀར་ནག་གི་འགོ་ཁྲིད་ཚོས་ཤུགས་སྣོན་རྒྱག་ས་གཙོ་བོ་ཞིག་ཕན་ཚུན་དོགས་པ་ཡོད་པ་ཆུང་དུ་གཏོང་ཐབས་ཀྱི་ཡོད་པ་སྟེ། ཟླ་མཇུག་འདིར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་ཝང་དབྱི་རྒྱ་གར་ལ་འཚམས་འདྲིར་ཕེབས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཐབས་བྱེད་ཀྱི་ཡོད་ཀྱང་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་དུ་རྒྱ་དཀར་ནག་གཉིས་ལ་རྩོད་གཞི་དང་འགལ་ཟླ་ཆེན་པོ་ཞིག་ཡོད་པ་སོར་གནས་ཡིན་པ་རེད།།

སིངྒ་པུར་གྱི་ར་ཇ་ར་ཐེ་ནམ་རྒྱལ་སྤྱིའི་ཞིབ་འཇུག་སློབ་གཉེར་ཁང་གི་མཁས་པ་ལུང་ཁྲུང་ཞཱིང་གིས་རྒྱ་དཀར་ནག་གཉིས་ཀྱིས་མཉམ་འབྲེལ་དམག་སྦྱོང་བྱེད་ཀྱི་ཡོད་པ་དེས་ཕན་ཚུན་དོགས་ཟོན་ཡོད་པའི་རྣམ་རྟོག་སེལ་མི་ཐུབ་ཀྱང་ཕྱོགས་གཉིས་ཀྱི་འགལ་ཟླ་ཆེ་རུ་འགྲོ་སྲིད་པ་སྔོན་འགོག་བྱེད་ཐུབ་པའི་ཕན་ཐོགས་ཡོད། རྒྱ་ནག་ལ་ནམ་ཡང་རྒྱ་གར་རྡུལ་ཕྲན་གྱི་འཕྲུལ་རིག་ལག་རྩལ་ཕྱིར་ཚོང་བྱེད་མཁན་སྟོབས་ཆེན་རྒྱལ་ཁབ་ཁག་གི་གྲས་སུ་ཚུད་དུ་འཇུག་འདོད་མེད་པར་མ་ཟད། ཨ་མི་རི་ཀས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་སྐུང་ཡོད་པའི་འཇིགས་སྐུལ་རིང་ལུགས་པ་མ་སུ་ཐེ་ཨ་ཛར་གྱི་འགྲིམ་འགྲུལ་ལ་བཀག་སྡོམ་བྱ་དགོས་པའི་གྲོས་གཞི་བཏོན་པར་རྒྱ་ནག་གིས་མོས་མཐུན་བྱས་མེད་པས་རྒྱ་གར་ལ་ཕོག་ཐུག་ཆེན་པོ་སོང་ཡོད་ཅེས་བཤད། ལུང་ཁྲུང་ཞཱིང་གིས་བཤད་པའི་མ་སུ་ཐེ་ཨ་ཛར་ནི་པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞི་ཚུགས་པའི་འཇེ་ཤི་མོ་ཧ་མེ་ཐེ་ཚོགས་པའི་འགོ་ཁྲིད་ཡིན་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོགས་པ་དེ་འཇིགས་སྐུལ་རིང་ལུགས་པའི་ཚོགས་ཁོངས་སུ་བཅུག འཇེ་ཤི་མོ་ཧ་མེ་ཐེ་ཚོགས་པས་རྒྱ་གར་ལ་གཏོར་རྒོལ་འདྲ་མིན་ཞིག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG