ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༣/༡༢/༠༩

ཉི་ཧོང་གིས་ཧྭ་ཝེ་དང་ཀྲུང་ཞཱིང་ཁ་པར་བཀག་འགོག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཉི་ཧོང་གི་ཡོ་མིའུ་རི་ཉིན་རེའི་ཚགས་པར་ལ་བདུན་ཕྲག་རྗེས་མའི་གཟའ་ཟླ་བ་ཡས་མས་སུ་ཉི་ཧོང་སྲིད་གཞུང་གི་ལས་ཁུངས་ཁག་གི་སྒྲིག་གཞི་ལ་བཅོས་སྒྱུར་གྱིས་ཉི་ཧོང་སྲིད་གཞུང་གི་ལས་ཁུངས་ཁག་གིས་རྒྱ་ནག་ནས་ཐོན་པའི་ཧྭ་ཝེ་དང་ཀྲུང་ཞཱིང་བཟོ་ཚོང་ཁང་གི་ཁ་པར་རྣམས་མངགས་ཉོ་དང་བཀོལ་སྤྱོད་བྱེད་མི་ཆོག་པའི་ཐག་གཅོད་བྱ་འཆར་ཡོད་པ་དང་། རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞཱིང་ཁ་པར་ནང་དུ་སྐད་ཆ་བཤད་པ་རྣམས་རྒྱ་ནག་གི་གསང་བའི་ལས་ཁང་གིས་གོ་ཐོས་འབྱུང་གི་ཡོད་པར་མ་ཟད། ཧྭ་ཝེ་དང་ཀྲུང་ཞཱིང་ཁ་པར་གྱི་འབྲེལ་ལམ་བརྒྱུད་ནས་དྲྭ་ལམ་དུ་གཏོར་རྒོལ་འབྱུང་གི་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་ཅིང་། ཉི་ཧོང་གཞུང་གིས་དྲྭ་ལམ་གྱི་གཏོར་རྒོལ་བཀག་འགོག་དང་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་མི་འཆོར་པའི་ཆེད་དུ་གཞུང་གི་ལས་ཁུངས་ཁག་གིས་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞཱིང་བཟོ་ཚོང་ཁང་གི་ཁ་པར་མངགས་ཉོ་དང་བཀོལ་སྤྱོད་བྱེད་མི་ཆོག་པའི་ཐག་གཅོད་བྱ་རྒྱུ་ཡིན་འདུག

ད་ལོའི་མགོ་སྟོད་དེར་ཨ་རིའི་གཞུང་གིས་ཨ་མི་རི་ཀའི་དམག་དང་རྒྱལ་སྲུང་ལྷན་ཁང་གཙོ་བོར་གྱུར་པའི་ཨ་རིའི་གཞུང་གི་ལས་ཁུངས་ཁག་གིས་རྒྱ་ནག་ནས་ཐོན་པའི་ཧྭ་ཝེ་ཁ་པར་དང་དེའི་འབྲེལ་ལམ་རྣམས་བཀོལ་སྤྱོད་དང་མངགས་ཉོ་བྱེད་མི་ཆོག་པའི་ཐག་བཅད། ཨ་མི་རི་ཀས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལའང་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞཱིང་ཁ་པར་གཉིས་བཀོལ་སྤྱོད་དང་མངགས་ཉོ་བྱས་ན་འབྲེལ་ཡོད་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་གནོད་སྐྱོན་དང་གསང་བའི་གནས་ཚུལ་ཕྱི་ལ་འཆོར་སྲིད། ལྷག་པར་དུ་རྒྱ་ནག་གི་དམག་དོན་གསང་བའི་ལས་ཁང་དང་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་སོགས་ལྐོག་འབྲེལ་ཡོད་པའི་དོགས་པ་འདུག་ཅེས་ཉེན་བརྡ་བཏང་ཞིང་། ཉེ་དུས་ཨོ་གླིང་རྒྱལ་ཁབ་དང་ནེའུ་ཟི་ལན་ཌི། དབྱིན་ཇི་བཅས་ཀྱིས་ཀྱང་རྒྱལ་ཁབ་དེ་དག་གི་གཞུང་འབྲེལ་ལས་ཁུངས་ཁག་གིས་རྒྱ་ནག་གི་ཧྭ་ཝེ་ཁ་པར་མངགས་ཉོ་བྱེད་པའམ། ཡང་ན་ཧྭ་ཝེ་ཁ་པར་གྱི་ལྷུ་ལག་དང་འབྲེལ་ལམ་རྣམས་བཀོལ་སྤྱོད་བྱ་རྒྱུ་མིན་པའི་ཐག་བཅད་འདུག ཨ་རིའི་གཞུང་གིས་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་རྒྱ་ནག་གཞུང་ལ་འབྲེལ་བ་ཡོད་པ་དང་ཧྭ་ཝེ་ཁ་པར་བརྒྱུད་ནས་རྒྱ་ནག་གི་གསང་བའི་ལས་ཁང་གིས་ལྐོག་ཉན་དང་སོ་མྱུལ་བྱེད་ཀྱིན་འདུག་ཅེས་སྐྱོན་འཛུགས་བྱས་མོད། འོན་ཀྱང་ད་སྔ་ཨ་རིའི་གཞུང་གིས་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་དང་རྒྱ་ནག་གི་གསང་བའི་ལས་ཁང་འབྲེལ་བ་ཡོད་སྟངས་ཁུངས་སྐྱེལ་ར་སྤྲོད་བྱས་མེད་པ་རེད།

ཉི་ཧོང་གི་ཡོ་མིའུ་རི་ཉིན་རེའི་ཚགས་པར་ལ་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞཱིང་བཟོ་ཚོང་ཁང་གི་ཁ་པར་བཀོལ་སྤྱོད་བྱ་རྒྱུ་ཉི་ཧོང་གཞུང་གིས་འགོག་འཆར་ཡོད་པའི་གསར་འགྱུར་ཞིབ་ཕྲ་ཞིག་བཀོད། ཉི་ཧོང་བློན་ཆེན་ལྷན་ཁང་གི་སྤྱི་ཁྱབ་དྲུང་ཆེ་སུ་གྷས་གསར་འགོད་ལྷན་ཚོགས་ཤིག་བསྡུས་ནས་ཉི་ཧོང་གི་གཞུང་འབྲེལ་ལས་ཁུངས་ཁག་གི་དྲྭ་ལམ་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་གི་གནད་འགག་ཆེན་པོ་ཡིན། ང་ཚོས་གནད་དོན་སྣ་མང་ཞིག་ལ་བསམ་ཞིབ་བྱ་དགོས་ཀྱིན་འདུག་ཅེས་བཤད། ཉི་ཧོང་གི་རྒྱལ་སྲུང་བློན་ཆེན་གྱིས་ཀྱང་ང་ཚོ་རྒྱལ་སྲུང་ལྷན་ཁང་གིས་ཧྭ་ཝེ་དང་ཀྲུང་ཞཱིང་བཟོ་ཚོང་ཁང་གི་ཁ་པར་མངགས་ཉོ་དང་བཀོལ་སྤྱོད་བྱེད་ཀྱི་མེད། ཉི་ཧོང་གི་ཁ་པར་འབྲེལ་མཐུད་དང་དྲྭ་ལམ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་གཙིགས་སུ་འཛིན་དགོས་ཞེས་བཤད། རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞཱིང་ཁ་པར་བཟོ་ཚོང་ཁང་གཉིས་རྒྱ་ནག་གཞུང་ལ་འབྲེལ་བ་ཡོད་པའི་དོགས་པ་བྱེད་མཁན་ཉི་ཧོང་དང་ཨ་མི་རི་ཀ་སོགས་རྒྱལ་ཁབ་ཉུང་ཤས་ཤིག་མིན་པར་འཛམ་གླིང་ཁྱོན་ཡོངས་ཀྱིས་དོགས་པ་བྱ་རྒྱུ་འགོ་ཚུགས། དེང་སྐབས་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞཱིང་ཁ་པར་བཟོ་ཚོང་ཁང་གི་ཐོན་སྐྱེད་དང་འབྲེལ་ལམ། དྲྭ་ལམ་སོགས་ལ་དོགས་པ་བྱེད་མཁན་ཇེ་མང་དུ་འགྲོ་ཡི་ཡོད་པ་རེད།

འདི་ཙམ་ན་ཕྱི་ཟླ་༡༢་ཚེས་༦་ཉིན་ཁེ་ན་ཌའི་གཞུང་གིས་རྒྱ་ནག་གི་ཧྭ་ཝེའི་བཟོ་ཚོང་ཁང་གི་སྤྱི་ཁྱབ་དཔལ་འབྱོར་འགན་འཛིན་མེང་ཝན་ཀྲུག་འཛིན་བཟུང་བྱས་ནས་ཨ་མི་རི་ཀར་རྩིས་སྤྲད། ཨ་རིའི་གཞུང་གིས་ཧྭ་ཝེ་བཟོ་ཚོང་ཁང་གིས་ཨི་རན་ལ་ཁ་པར་ཕྱིར་ཚོང་བྱས་འདུག ཧྭ་ཝེ་ཁ་པར་གྱི་ལྷུ་ལག་གཙོ་བོ་ཞིག་ཨ་མི་རི་ཀས་ཕྱིར་ཚོང་བྱས་པ་ཡིན། ཨ་མི་རི་ཀས་ཧྭ་ཝེ་བཟོ་ཚོང་ཁང་ལ་ཨི་རན་སོགས་ཨ་མི་རི་ཀས་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱ་ཡུལ་རྒྱལ་ཁབ་ཁག་ལ་ཁ་པར་ཕྱིར་ཚོང་བྱེད་མི་ཆོག་ཅེས་གྲོས་མཐུན་ཞིག་ལ་མིང་རྟགས་འགོད་དུ་བཅུག་ཡོད། ཡིན་ནའང་ཧྭ་ཝེ་བཟོ་ཚོང་ཁང་གིས་གྲོས་མཐུན་ལ་མིང་རྟགས་བཀོད་པར་རྩིས་མེད་བཏང་ནས་ཨི་རན་ལ་ཁ་པར་ཕྱིར་ཚོང་བྱས་སོང་། དེར་བརྟེན་ཨ་མི་རི་ཀས་ཧྭ་ཝེ་བཟོ་ཚོང་ཁང་གི་སྤྱི་ཁྱབ་དཔལ་འབྱོར་འགན་འཛིན་ཁེ་ན་ཌའི་གཞུང་ལ་འཛིན་བཟུང་བྱེད་དུ་བཅུག་ནས་ཨ་མི་རི་ཀར་རྩིས་སྤྲོད་བྱེད་དུ་བཅུག་པ་ཡིན་ཞེས་འགྲེལ་བཤད་རྒྱག་གི་ཡོད་ཅིང་། རྒྱ་ནག་གཞུང་གིས་ཁེ་ན་ཌའི་གཞུང་ལ་ཧྭ་ཝེ་བཟོ་ཚོང་ཁང་གི་དཔལ་འབྱོར་སྤྱི་ཁྱབ་འགན་འཛིན་མེང་ཝེན་ཀྲུག་འཛིན་བཟུང་བྱས་ནས་ཨ་མི་རི་ཀར་རྩིས་སྤྲོད་བྱས་པར་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། ཉམས་ཞིབ་པ་ཁག་ཅིག་གིས་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ལ་ཚོང་དམག་ཅིག་ལངས་ཡོད་པ་ཧྭ་ཝེ་བཟོ་ཚོང་ཁང་གི་དཔལ་འབྱོར་སྤྱི་ཁྱབ་འགན་འཛིན་བཟུང་བྱས་པ་དེས་སྡུག་ཏུ་གཏོང་སྲིད་ཅེས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG