ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༣/༡༥

ཡེ་མན་གྱི་ནང་འཁྲུག་དང་ཞི་བའི་གྲོས་མོལ།


༄༅།། ཡུ་རོབ་རྒྱལ་ཁབ་སུད་ཌེན་གྱི་ས་ཐོག་ཏུ་ཨ་ཧྥི་རི་ཀའི་བྱང་ཕྱོགས་རྒྱལ་ཁབ་ཡེ་མན་གྱི་ནང་འཁྲུག་མཚམས་འཇོག་ཐུབ་ཐབས་ལ་ཞི་བའི་གྲོས་མོལ་བྱ་རྒྱུ་འགོ་ཚུགས་ཏེ། ཡེ་མན་གྱི་གཞུང་དང་ཧུ་ཐི་གྱེན་ལོག་པ་ཚོས་འཛིན་བཟུང་བྱེད་ཡོད་པའི་དམག་འཁྲུག་གི་བཙོན་པ་རྣམས་སྤྲོད་ལེན་བྱ་རྒྱུ། ནང་འཁྲུག་གིས་ཁ་གཏོར་བཏང་བའི་ཁྱིམ་ཚང་ཁག་གི་བཟའ་མི་རྣམས་སླར་ཡང་ལྷན་འཛོམས་འབྱུང་དུ་བཅུག་སྟེ་ལོ་བཞིའི་ཡེ་མན་གྱི་ནང་འཁྲུག་དེ་ཉིད་མཇུག་བསྒྲིལ་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད། འདི་ནི་༢༠༡༦་ནས་བཟུང་སྟེ་ཡེ་མན་གྱི་དམག་འཐབ་ཤོག་ཁག་གཉིས་ཀྱིས་འཐུས་མི་ཚོ་ལྷན་འཛོམས་གྲོས་མོལ་བྱུང་བ་ཐེངས་གཉིས་པ་ཡིན་ཞིང་། ཉེ་ཆར་ཕྱི་ཟླ་༩་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཇི་ཎི་ཝྭར་ཡེ་མན་གྱི་དམག་འཁྲུག་ཤོག་ཁག་གཉིས་ཀྱི་འཐུས་མི་ཚོ་བསྡུ་སྐོང་བྱས་ནས་ཞི་བའི་གྲོས་མོལ་བྱེད་དུ་འཇུག་རྒྱུའི་བར་འདུམ་བྱས་ཀྱང་ཧུ་ཐི་གྱེན་ལོག་པའི་འཐུས་མི་ཚོ་ཞི་བའི་གྲོས་མོལ་དེར་མཉམ་ཞུགས་བྱས་མེད་པས་གྲོས་མཐུན་གང་ཡང་བྱུང་མེད། ད་ལྟ་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག རྒྱལ་སྤྱིའི་རོགས་སྐྱོབ་ཚོགས་པ་ཁག་གིས་དོགས་ཟོན་གྱི་ངང་དུ་ཡེ་མན་གཞུང་དང་ཧུ་ཐི་གྱེན་ལོག་པའི་ཞི་བའི་གྲོས་མོལ་འདིར་གྲུབ་འབྲས་ཐོན་ནས་ཡེ་མན་གྱི་ནང་འཁྲུག་མཚམས་འཇོག་ཐུབ་པ་དང་རྒྱལ་ཁབ་དེར་ཞི་བདེ་བརྟན་ལྷིང་སླར་གསོ་བྱེད་ཐུབ་པའི་རེ་བ་འཆང་འདུག

༢༠༡༤་ལོར་ཡེ་མན་གྱི་ཤི་ཡ་ཁ་ཆེའི་ཆོས་རྒྱུད་ཀྱི་རྗེས་འབྲང་བ་ཧུ་ཐི་བ་ཚོས་སྲིད་གཞུང་ལ་གྱེན་ལོག་བྱས་ནས་ནང་འཁྲུག་མགོ་བརྩམས། ༢༠༡༥་ལོར་ཧུ་ཐི་གྱེན་ལོག་པ་ཚོས་རྒྱལ་ཁབ་དེའི་ནུབ་ཕྱོགས་ཐམས་ཅད་དབང་དུ་བསྡུས་ནས་སྲིད་འཛིན་ཧ་དྷི་ཕྱི་རྒྱལ་ལ་བྲོས་བྱོལ་དུ་སོང་། ཡེ་མན་གྱི་ཧུ་ཐི་གྱེན་ལོག་པ་ཚོར་ཨི་རན་གྱིས་རྒྱབ་སྐྱོར་བྱས་ནས་ཤེ་ཡ་ཆོས་རྒྱུད་ཀྱི་ཤུགས་རྐྱེན་ཡེ་མན་རྒྱལ་ཁབ་ལ་ཁྱབ་གདལ་འགྲོ་རྒྱུའི་ཉེན་ཁ་བྱུང་བས་ཨ་རབ་ཨི་མཱི་རེ་ཊི་མཉམ་འབྲེལ་རྒྱལ་ཁབ་དང་སོ་ཌི་ཨ་རི་བྷི་ཡ་གཙོས་ཨ་རབ་རྒྱལ་ཁབ་བདུན་ཡེ་མན་ནང་འཁྲུག་ལ་མཉམ་ཞུགས་བྱས་ནས་སྲིད་འཛིན་ཧ་དྷིའི་སྲིད་གཞུང་སླར་གསོ་བྱ་རྒྱུ་དང་ཧུ་ཐི་གྱེན་ལོག་པ་ཚོར་འཐབ་རྒོལ་བྱ་རྒྱུ་མགོ་བརྩམས། དེས་ན་ཡེ་མན་རྒྱལ་ཁབ་དེ་ཉིད་ཨི་རན་དང་སོ་ཌི་ཨ་རེ་བྷི་ཡའི་ཤུགས་རྐྱེན་ཁྱབ་སྤེལ་བྱ་ཡུལ་གྱི་དམག་ས་ཞིག་ཏུ་གྱུར། ལོ་བཞིའི་ཡེ་མན་གྱི་ནང་འཁྲུག་གི་སྐབས་སུ་ཉུང་མཐར་ཡང་མི་མང་དཀྱུས་མ་༦༦༦༠་ལ་སྲོག་སྐྱོན་དང་མི་༡༠༥༦༠་ལ་རྨས་སྐྱོན་ཕོག མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རགས་རྩིས་བྱས་པ་ལྟར་ན་དམག་འཁྲུག་གི་རྐྱེན་པས་ཡེ་མན་མི་མང་གོང་གི་གྲངས་འབོར་ལས་ཀྱང་མང་བ་ཞིག་ལ་འཆི་སྐྱོན་བྱུང་། འཆི་སྐྱོན་གྱི་འབྱུང་རྐྱེན་དེ་རྣམས་བཤེལ་སྐྱུར་སོགས་བཅོས་ཐབས་ཡོད་པའི་ནད་རིགས་ཡིན་ཞིང་། ཡེ་མན་མི་མང་ས་ཡ་༢༢་དང་འབུམ་གཉིས་ཏེ། རྒྱལ་ཁབ་དེའི་མི་འབོར་བརྒྱ་ཆ་༧༨་སྐྱོབ་གསོ་རོགས་རམ་ལ་བརྟེན་ཡོད་པར་མ་ཟད། མི་གྲངས་ས་ཡ་༡༨་མ་ཟིན་ཙམ་ལ་ཞོགས་ཟས་ཡོད་ན་དགོང་ཟས་གང་ནས་འཐོབ་རྒྱུ་ཡིན་མིན་གྱི་འཚོ་བའི་དམིགས་སྒོ་མེད། རྒྱལ་ཁབ་དེའི་བྱིས་པ་ས་ཡ་༢༥་སློབ་གྲྭར་འགྲིམ་ཐུབ་ཀྱི་མེད་པ་དང་ཡེ་མན་བ་ས་ཡ་གཉིས་ལྷག་རང་ཡུལ་ནས་རྒྱལ་ཁབ་གཞན་ལ་བཙན་བྱོལ་དུ་འགྲོ་དགོས་ཐུག་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡེ་མན་གཞུང་དང་ཧུ་ཐི་གྱེན་ལོག་པ་ཚོས་འཕྲལ་དུ་ནང་འཁྲུག་མཚམས་འཇོག་མ་བྱས་ན་འཛམ་གླིང་འདིར་ལོ་༡༠༠་ཐམ་པའི་རིང་ལ་བྱུང་མྱོང་མེད་པའི་མུ་གེ་ཆེན་པོ་ཞིག་ཡེ་མན་ལ་འབྱུང་གི་ཡོད་པའི་ཉེན་བརྡ་བཏང་འདུག

ཉམས་ཞིབ་པ་ཕལ་ཆེ་བས་ཡེ་མན་གཞུང་དང་ཧུ་ཐི་གྱེན་ལོག་པ་ཚོས་ཞི་བའི་གྲོས་མཐུན་ཞིག་འཇོག་ཐུབ་པའི་རེ་བ་འཆང་གི་ཡོད་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡེ་མན་གྱི་གཞུང་དམག་དང་ཧུ་ཐི་གྱེན་ལོག་པའི་དབང་སྒྱུར་ས་ཁུལ་ཁག་ཏུ་ཚུད་པའི་མི་མང་དཀྱུས་མ་ཚོར་སྐྱོབ་གསོ་དང་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་སྦྱོར་ཆོག་པ་དང་དམག་འཁྲུག་ལ་གཡོལ་བར་མི་མང་དཀྱུས་མ་རྣམས་འགྲིམ་འགྲུལ་བྱེད་དུ་འཇུག་དགོས་པའི་ནན་བརྗོད་བྱེད་བཞིན་ཡོད་པ་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་སྣེ་གྷེ་རི་ཧྥི་ཐེས་མ་འོངས་པའི་ཉིན་ཤས་རིང་དེར་ང་ཚོར་ཡེ་མན་ལ་ཞི་བདེ་བསྐྲུན་ཐུབ་པ་དང་ཞི་བའི་གྲོས་མོལ་དེར་རྩ་བ་ཚུགས་སུ་འཇུག་ཐུབ་པའི་གོ་སྐབས་བཟང་པོ་ཞིག་ཡོད། ཕྱོགས་གཉིས་ཀས་བཙོན་པ་སྤྲོད་ལེན་དང་ཕན་ཚུན་ཡིད་ཆེས་བསྐྲུན་རྒྱུའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་པ་དགའ་འོས་པ་ཞིག་ཡིན་ཞེས་བཤད། ཕྱི་ཟླ་༡༢་ཚེས་༦་ནས་སིད་ཌན་གྱི་རྒྱལ་ས་སི་ཊོཀ་ཧོམ་གྲོང་ཁྱེར་དུ་ཡེ་མན་གྱི་དམག་འཐབ་ཤོག་ཁག་གཉིས་ཀྱི་ཞི་བའི་གྲོས་མོལ་འགོ་ཚུགས། རྒྱལ་ཚོགས་ཀྱི་ལས་སྣེ་དེས་ཡེ་མན་གྱི་དམག་འཐབ་ཤོག་ཁག་གཉིས་ཀྱིས་དམག་འཁྲུག་གི་བཙོན་པ་ཅི་ཙམ་ཕན་ཚུན་སྤྲོད་ལེན་བྱ་རྒྱུ་ཡིན་མིན་གྱི་གྲངས་འབོར་གསལ་བོ་ཞིག་བཤད་མེད་ཀྱང་ཁྱིམ་ཚང་མང་པོ་ཞིག་གི་བཟའ་མི་ཁ་བྲལ་དུ་སོང་བ་རྣམས་ལྷན་འཛོམས་འབྱུང་ཐུབ་པའི་དགེ་མཚན་ཡོད་ཅེས་བཤད།།

སུད་ཌན་གྱི་ཞི་བའི་གྲོས་མོལ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ལེན་ཡོད་པའི་ཡེ་མན་གཞུང་གི་འཐུས་མི་དང་ཨི་རན་གྱི་རྒྱབ་སྐྱོར་ཡོད་པའི་ཧུ་ཐི་གྱེན་ལོག་པའི་འཐུས་མི་ཚོ་མཉམ་ཞུགས་ཀྱིས་གནད་དོན་ཁག་ཅིག་ལ་མཉམ་དུ་གྲོས་བསྡུར་བྱ་རྒྱུ། གནད་དོན་ཁག་ཅིག་ལ་ཤོག་ཁག་སོ་སོས་གྲོས་བསྡུར་བྱ་རྒྱུ། སོ་ཌི་ཨ་རེ་བྷི་ཡ་དང་ཨི་རན་གཉིས་ཀས་ཡེ་མན་གྱི་ནང་འཁྲུག་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། སོ་ཌི་ཨ་རེ་བྷི་ཡས་ཡེ་མན་གྱི་ནང་འཁྲུག་ལ་བཀོལ་སྤྱོད་བྱེད་བཞིན་པའི་མཚོན་ཆ་དང་འཐབ་འཛིང་གནམ་གྲུ། དམག་དོན་ཡོ་བྱད་ཕལ་མོ་ཆེ་ཨ་མི་རི་ཀ་ནས་ནང་འདྲེན་བྱས་པ་ཞིག་ཡིན་པ་དང་། ཨི་རན་གཞུང་གིས་ཡེ་མན་གྱི་གྱེན་ལོག་པ་ཚོར་རྒྱབ་སྐྱོར་དང་ནང་འཁྲུག་དེར་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་མཚོན་ཆ་དང་དམག་དོན་ཡོ་བྱད་མང་པོ་ཞིག་ཨུ་རུ་སུ་ནས་ནང་འདྲེན་བྱེད་ཀྱི་ཡོད་ཅིང་། ཡེ་མན་གཞུང་གི་སྐུ་ཚབ་ཀྱིས་ཐེངས་འདིའི་ཞི་བའི་གྲོས་མོལ་སྐབས་སུ་ཡེ་མན་ལ་ཞི་བདེ་བསྐྲུན་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡོད་ཅེས་གསར་འགྱུར་སྤེལ། ཧུ་ཐི་གྱེན་ལོག་པའི་འགོ་ཁྲིད་ཚོས་ཀྱང་ང་ཚོས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ཡེ་མན་གྱི་ནང་འཁྲུག་མཚམས་འཇོག་དང་རྒྱལ་ཁབ་དེར་ཞི་བདེ་སླར་གསོ་བྱ་རྒྱུའི་འབད་བརྩོན་བྱ་འཆར་ཡོད་ཅེས་གསར་འགྱུར་སྤེལ་རུང་སོ་ཌི་ཨ་རེ་བྷི་ཡ་དང་དེའི་ཕྱོགས་གཏོགས། ཨི་རན་དང་དེའི་ཕྱོགས་གཏོགས་པ་ཚོས་ཡེ་མན་ལ་ཞི་བདེ་བསྐྲུན་དུ་བཅུག་སྟེ་ནང་འཁྲུག་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པ་མཚམས་འཇོག་མ་བྱས་ཚེ། ཡེ་མན་གྱི་ནང་འཁྲུག་དེ་ཉིད་ནམ་ཡང་མཚམས་ཆད་མི་ཐུབ་པ་དང་རྒྱལ་ཁབ་དེའི་མི་མང་དཀྱུས་མ་རྣམས་སྔར་བཞིན་དམག་འཁྲུག་གི་དཀའ་ངལ་ནང་དུ་ཚུད་ནས་རྒོལ་རྡུང་དང་འཇིགས་སྣང་། མུ་གེ་དང་ནད་མནར། རང་ཁྱིམ་དུ་ཞི་བདེ་བག་ཕེབས་སུ་འཚོ་གནས་མི་ཐུབ་པའི་དཀའ་ངལ་སེལ་ཐུབ་དཀའ་བའི་གནས་སུ་གྱུར་ཏོ།།

XS
SM
MD
LG