ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་རིར་མ་རྩ་བཙུགས་ནས་རྒྱ་མི་གཏན་སྡོད་པ་ཇེ་ཉུང་།


༄༅།།ཨ་མི་རི་ཀས་རྒྱ་ནག་གི་ཚོང་པ་མ་རྩ་འཛུགས་མཁན་ཚོར་ཐོངས་མཆན་སྤྲོད་རྒྱུ་དེར་ཡུན་རིང་སྒུག་དགོས་པ་དང་ཨ་མི་རི་ཀས་སྔར་བཞིན་རྒྱ་ནག་གི་མ་རྩ་འཛུགས་མཁན་ཚོར་ཨ་མི་རི་ཀར་གཏན་སྡོད་ཆོག་པའི་ལག་འཁྱེར་ལྗང་གུ་སྤྲོད་རྒྱུར་འགོག་རྐྱེན་འཕྲད་སྲིད་པ། རྒྱ་ནག་གཞུང་གིས་ཀྱང་རང་ཡུལ་གྱི་དངུལ་སྒོར་ཕོན་ཆེན་ཕྱི་རྒྱལ་ལ་གཏོང་མི་ཆོག་པའི་བཀག་སྡོམ་བྱས་ནས་བཟུང་སྟེ་ཨ་རིའི་ས་ཁང་ཁྲོམ་རར་རྒྱ་ནག་གི་འབྱོར་ལྡན་པ་ཚོས་མ་རྩ་འཛུགས་རྒྱུ་ཇེ་ཉུང་དུ་སོང་ཞིང་། ད་ལྟ་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་གྱི་ཁང་པ་འཛུགས་སྐྲུན་ལས་ཁང་འགའ་ཞིག་ལ་རྒྱ་ནག་གི་འབྱོར་ལྡན་པ་ཚོས་མ་རྩ་འཛུགས་རྒྱུ་མཚམས་འཇོག་བྱས་ནས་འཛུགས་སྐྲུན་རྒྱུན་འཁྱོངས་མ་ཐུབ་པར་དཀའ་ངལ་འཕྲད། ད་དུང་དེ་བས་ཀྱང་ཕམ་གྱོང་ཆེན་པོ་ཞིག་ནི་ཨ་མི་རི་ཀར་གཏན་སྡོད་ཀྱི་ལག་འཁྱེར་ལྗང་ཁུ་འཐོབ་སྲིད་པའི་རེ་བ་འཆང་སྟེ་ཨ་རིའི་ས་ཁང་ཁྲོམ་རའི་ནང་དུ་མ་རྩ་འཛུགས་མཁན་རྒྱ་ནག་གི་ཚོང་པ་འབྱོར་ལྡན་པ་ཚོ་ཡིན་པ་སྟེ། ནེའུ་ཡོཀ་སི་ཊེ་ཊན་གླིང་ལག་གི་ས་ཁང་འཛུགས་སྐྲུན་ལ་མ་རྩ་བཙུགས་ཡོད་པའི་ཁོངས་ནས་ཨ་སྒོར་འབུམ་ཕྲག་མང་པོ་ཕྱིར་འཐེན་བྱས་ཡོད་པས་མ་རྩ་འཛུགས་མཁན་ཁག་ཅིག་ལ་ཨ་རིར་གཏན་སྡོད་བྱེད་ཆོག་པའི་ལག་འཁྱེར་ལྗང་ཁུ་འཐོབ་རྒྱུ་མིན་པའི་ཉེན་ཀ་བྱུང་འདུག

ཨ་རིའི་གཞུང་གིས་ཕྱི་རྒྱལ་བ་སུ་ཞིག་གིས་ཨ་མི་རི་ཀར་ཨ་སྒོར་འབུམ་ལྔ་མ་རྩ་བཙུགས་ནས་མི་འགའ་ཞིག་ལ་ལས་ཀ་གོ་སྒྲིག་ཐུབ་ན་མི་དེ་ཨ་མི་རི་ཀར་གཏན་སྡོད་བྱེད་ཆོག་པའི་ཐོབ་ཐང་སྤྲོད་ཀྱི་ཡོད་པས་རྒྱ་ནག་གི་ཚོང་པ་འབྱོར་ལྡན་པ་སྟོང་ཕྲག་མང་པོས་ཨ་མི་རི་ཀར་ཨ་སྒོར་འབུམ་༥་རེ་མ་རྩ་བཙུགས་ནས་ཨ་མི་ཀར་གཏན་སྡོད་གཞིས་ཆགས་ཡོང་རྒྱུའི་ཐབས་སུ་བརྩོན། དེར་བརྟེན་ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་ནག་གི་མ་རྩ་འཛུགས་མཁན་ཚོར་ཨ་མི་རི་ཀར་གཏན་སྡོད་བྱེད་ཆོག་པའི་ཐོབ་ཐང་སྤྲོད་ཀྱི་ཡོད་པར་ངོ་རྒོལ་དང་རྒྱ་ནག་གཞུང་གིས་ཀྱང་དངུལ་སྒོར་ཕྱི་ལ་གཏོང་གི་ཡོད་པ་འགོག་ཐབས་བྱེད་ཀྱི་ཡོད་པས་ཨ་མི་རི་ཀའི་ས་ཁང་ཚོང་ལས་ལ་གྱོང་གུད་ཆེན་པོ་ཞིག་འཕོག་གི་ཡོད་ཅིང་། ཉམས་ཞིབ་པ་ཚོས་ཞིབ་འཇུག་བྱས་པ་ལྟར་ན་ཨ་མི་རི་ཀར་མ་རྩ་བཙུགས་ནས་ཨ་རིའི་གཏན་སྡོད་པའི་ཐོབ་ཐང་རེག་པར་ལོ་༡༤་སྒུག་དགོས་པ་དང་ཨ་རིའི་གྲོས་ཚོགས་ཀྱིས་བཅའ་ཁྲིམས་གཏན་འབེབས་བྱས་ནས་ཐོབ་ཐང་དེ་མེད་པར་གཏོང་སྲིད་པའི་ཉེན་ཀ་ཡོད་པ། འདས་པའི་ལོ་གསུམ་གྱི་རིང་དེར་ཨ་མི་རི་ཀར་མ་རྩ་བཙུགས་ནས་གཏན་སྡོད་པའི་ཐོབ་ཐང་སྤྲོད་རྒྱུ་འདིར་མཉམ་ཞུགས་བྱེད་མཁན་བརྒྱ་ཆ་༡༥་ཉུང་དུ་སོང་འདུག དཔེར་ན་༢༠༡༧་ལོའི་ཕྱི་ཟླ་༩་པ་ནས་༢༠༡༨་ལོའི་ཕྱི་ཟླ་༩་པ་བར་དུ་ཨ་མི་རི་ཀར་མ་རྩ་བཙུགས་ནས་ཨ་རིའི་གཏན་སྡོད་པའི་གནས་བབ་ཞུ་མཁན་མི་༡༢༡༦༥་བྱུང་ཞིང་། ༢༠༡༧་ལོའི་ལོ་མཇུག་གི་ཟླ་བ་གསུམ་གྱི་རིང་དེར་ཨ་མི་རི་ཀར་མ་རྩ་བཙུགས་ནས་གཏན་སྡོད་པའི་གནས་བབ་ཞུ་མཁན་མི་༤༤༠༢་བྱུང་རུང་༢༠༡༨་ལོའི་ལོ་མཇུག་གི་ཟླ་བ་གསུམ་གྱི་རིང་དེར་ཨ་མི་རི་ཀར་མ་རྩ་བཙུགས་ནས་གཏན་སྡོད་པའི་གནས་བབ་ཞུ་མཁན་མི་་༦༡༧་ལས་བྱུང་མེད།

༡༩༩༠་ཐམ་པའི་ལོར་ཨ་རིའི་གཞུང་གིས་ཕྱི་རྒྱལ་བ་སུ་ཞིག་གིས་ཨ་མི་རི་ཀར་ཨ་སྒོར་འབུམ་༥་མ་རྩ་བཙུགས་ན་མི་དེ་དང་ཁོ་པའི་བཟའ་མི་རྣམས་ཨ་མི་རི་ཀར་གཏན་སྡོད་ཆོག་པའི་ལག་འཁྱེར་ལྗང་ཁུ་སྤྲོད་རྒྱུ། ལོ་རེར་རྒྱལ་ཁབ་གཅིག་ནས་ཨ་མི་རི་ཀར་མ་རྩ་འཛུགས་མཁན་མི་ཁྲི་ཚོ་༡་ལས་བརྒལ་མི་ཆོག་པའི་ཐག་གཅོད་བྱས་ཀྱང་རྒྱ་ནག་གི་སྤྱི་ཚོགས་སུ་ཨ་མི་རི་ཀར་ཨ་སྒོར་འབུམ་༥་རེ་མ་རྩ་བཙུགས་ནས་ཨ་མི་རི་ཀར་གཏན་སྡོད་གཞིས་ཆགས་སུ་སྤོར་འདོད་ཡོད་པ་འབུམ་ཕྲག་མང་པོ་ཡོད་པར་བརྟེན། ད་ལྟ་རྒྱ་ནག་གི་འབྱོར་ལྡན་པ་ཞིག་གིས་ཨ་མི་རི་ཀར་མ་རྩ་བཙུགས་ནས་གཏན་སྡོད་གཞིས་ཆགས་སུ་ཡོང་བར་ལོ་༡༤་ཡས་མས་རེ་སྒུག་དགོས། རྒྱ་ནག་གི་མ་རྩ་འཛུགས་མཁན་ཚོའི་དམིགས་ཡུལ་གཙོ་བོ་ནི་རང་གི་བུ་ཕྲུག་རྣམས་ཨ་མི་རི་ཀའི་སློབ་ཆེན་ཁག་འགྲིམས་ནས་ཤེས་ཡོན་སློབ་སྦྱོང་ཡག་པོ་ཞིག་འཐོབ་རྒྱུའི་དམིགས་ཡུལ་ཡིན་མོད། ཁོ་ཚོས་ལོ་བཅུ་ཕྲག་གཅིག་དང་ཕྱེད་ཀ་ཡས་མས་རེ་སྒུག་དགོས་པས་རང་གི་བུ་ཕྲུག་རྣམས་ཨ་རིའི་སློབ་ཆེན་ཁག་འགྲིམས་པའི་ལོ་ཚད་ཡོལ་ཏེ་ཕན་ཐོགས་མེད་པར་མ་ཟད། མ་རྩ་བཙུགས་ནས་ཚོང་ལས་གཉེར་མཁན་ཞིག་ཡིན་ན་དུས་ཡུན་རིང་པོར་སྒུག་དགོས་པ་ནི་ཚོང་ལས་ཀྱི་ཁེ་གྱོང་ལ་འབྲེལ་བ་ཆགས་ཡོད། ད་དུང་ཨ་མི་རི་ཀའི་ཚོང་ལས་གཉེར་མཁན་ཁག་ཅིག་གིས་རྒྱ་ནག་གི་མ་རྩ་འཛུགས་མཁན་ཚོས་དམིགས་ཡུལ་ལྟར་དངུལ་སྒོར་མ་རྩ་མ་བཙུགས་པར་སྒེར་དོན་ལ་འགྲོ་གྲོན་བཏང་ནས་ལྐོག་ཟ་རུལ་སུངས་འགྱུར་གྱི་ཡོད་པ་རེད།

རྒྱ་ནག་གི་མ་རྩ་འཛུགས་མཁན་ཇེ་ཉུང་དུ་འགྲོ་བའི་རྒྱུ་རྐྱེན་གཞན་ཞིག་ནི་ཨ་རིའི་ནེའུ་ཡོཀ་ས་ཁང་ཚོང་ལས་ཁང་ཞིག་ལ་ཨ་སྒོར་དུང་ཕྱུར་༢་དང་བྱེ་བ་༦་གྱོང་གུད་ཕོག ཨ་རིའི་ས་ཁང་ཚོང་ལས་དེར་མ་རྩ་འཛུགས་མཁན་མི་༤༡༡་ཡོད་པ་དེའི་ཁོངས་ཀྱི་མི་བརྒྱ་ཆ་༧༠་ཡས་མས་ཤིག་རྒྱ་ནག་གི་འབྱོར་ལྡན་པ་ཚོ་ཡིན་ཞིང་། ད་ལྟ་ཨ་མི་རི་ཀས་མི་༣༣༧་ལ་ཨ་མི་རི་ཀར་གཏན་སྡོད་གཞིས་ཆགས་སུ་ཡོང་ཆོག་པའི་ཐོངས་མཆན་སྤྲོད་རྒྱུའི་ཆོག་མཆན་བཀོད་ཀྱང་མི་༧༤་ལ་ཐོངས་མཆན་སྤྲོད་རྒྱུ་ད་དུང་ཆོག་མཆན་བཀོད་མེད་པ་དང་། གལ་ཏེ་ཨ་རིའི་གཞུང་གིས་མི་༤༡༡་པོ་ཚང་མ་ཨ་མི་རི་ཀར་གཏན་སྡོད་གཞིས་ཆགས་སུ་ཡོང་ཆོག་པའི་ཐོངས་མཆན་སྤྲད་པའི་དབང་དུ་བཏང་རུང་རྒྱ་ནག་གི་མ་རྩ་འཛུགས་མཁན་དེ་དག་ལ་ཚོང་ལས་ཀྱི་གྱོང་གུད་ཆེན་པོ་ཕོག་ཡོད་པ་དང་ཨ་མི་རི་ཀའི་ས་ཁང་ཚོང་ལས་ཁང་དེས་མ་རྩ་འཛུགས་མཁན་ཚོར་གྱོང་གསབ་ཐུབ། མ་རྩ་ཤོར་པ་རྣམས་སླར་གསོ་བྱ་ཐུབ་ཅེས་ཁག་ཐེག་བྱེད་ཀྱི་ཡོད་ཀྱང་ཁག་ཐེག་དེ་ཡིས་ཚོང་ལས་ཀྱི་ཁེ་གྱོང་གསབ་ཐུབ་རྒྱུའི་ངེས་གཏན་མེད་པ་རེད།།

XS
SM
MD
LG