ངོ་འཕྲད་བདེ་བའི་དྲ་འབྲེལ།

འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་རྒྱ་ནག་ལ་འབོད་སྐུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་ཧྲིན་ཀྲིན་གྲོང་ཁྱེར་དུ་ཡོད་པའི་ཅ་ཧྲི་ཚན་རྩལ་ཞེས་པའི་བཟོ་ཚོང་ཁང་གི་ལས་བཟོ་བའི་ཐོབ་ཐང་རྩོད་ལེན་བྱེད་མཁན་གྱི་ལས་བཟོ་བ་དང་། ལས་བཟོ་བར་རྒྱབ་སྐྱོབ་བྱེད་མཁན་སློབ་ཕྲུག་བཅས་མི་སུམ་བཅུ་ལྷག་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་ཅིང་། དེ་རིང་སྤྱི་ཚེས་༤་ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོཀ་ཏུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་ལས་བཟོ་བ་དང་སློབ་ཕྲུག་ཚོ་མྱུར་དུ་གློད་གྲོལ་གཏོང་དགོས་ཅེས་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་འདུག

གནད་དོན་འདི་ནི་ད་ལོའི་སྤྱི་ཟླ་༧་པའི་ནང་རྒྱ་ནག་ཧྲིན་ཀྲིན་ཅ་ཧྲི་ཚན་རྩལ་ཞེས་པའི་བཟོ་ཚོང་ཁང་གི་ལས་བཟོ་བ་ཁག་ཅིག་གིས་རང་ངོས་ནས་བཟོ་ཚོགས་ཤིག་འཛུགས་གྲབས་བྱས་པར་བཟོ་ཚོང་ཁང་གི་ངོས་ནས་ཁྲིམས་སྒྲིག་སྲོལ་དང་འགལ་ཡོད་པར་བསྙད་ནས་ཁོ་ཚོ་བཀག་འགོག་བྱས་པ་མ་ཟད། ལས་བཟོ་བ་ཚོར་འཇིགས་སྐུལ་དང་གཅར་རྡུང་བྱས་ཤིང་། མི་ཁ་ཤས་ཤིག་བཟོ་གྲྭ་ནས་ཕྱིར་ཕུད་དང་བཀག་ཉར་བྱས་པས་བཟོ་གྲྭའི་ལས་བཟོ་བ་མང་པོ་ཞིག་མཉམ་དུ་འཛོམས་ནས་སྤྱི་ཟླ་༧་པའི་ཚེས་༢༢་ཉིན་ལས་བཟོ་བ་ཚོ་བཀག་ཉར་བྱས་ཡོད་པའི་བཀག་ཉར་ཁང་གི་ཕྱི་ལོགས་སུ་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་མགོ་བརྩམས། ངོ་རྒོལ་ལས་འགུལ་དེ་ཡུན་རིང་རྒྱུན་འཁྱོངས་བྱས་པས་སྤྱི་ཟླ་༨་པའི་ཚེས་༢༤་ཉིན་རྒྱ་གཞུང་གི་ཉེན་རྟོག་པས་ངོ་རྒོལ་ལས་འགུལ་འདི་བཙན་གྱིས་མཚམས་འཇོག་བྱེད་དུ་བཅུག ངོ་རྒོལ་བྱེད་མཁན་གྱི་ལས་བཟོ་བ་དང་ལས་བཟོ་བར་རྒྱབ་སྐྱོར་བྱེད་མཁན་གྱི་སློབ་ཕྲུག་སྐོར་ཞིག་འཛིན་བཟུང་ཐེབས། ད་ལྟ་མི་དེ་ཚོ་གར་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་བྱུང་ཡོད་པར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་དོ་སྣང་ཆེན་པོ་བྱེད་བཞིན་འདུག

རྒྱ་ནག་གི་པེ་ཅིང་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཁག་ཅིག་དང་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་མི་རྒན་པ་སྐོར་ཞིག་གིས་སྐབས་དེར་པེ་ཅིང་དུ་ཡོད་པའི་རྒྱ་ནག་གི་རྒྱལ་ཡོངས་བཟོ་ཚོགས་དང་བུད་མེད་ལྷན་ཚོགས་སོགས་གཞུང་འབྲེལ་གྱི་གནད་ཡོད་ལས་ཁུངས་ཁག་ཅིག་ལ་འབོད་སྐུལ་ཞུ་ཡིག་ཕུལ་ནས་ཧྲིན་ཀྲིན་གྱི་ལས་བཟོི་བ་དག་གི་ཐོབ་ཐང་རྩོད་ལེན་གྱི་ལས་འགུལ་ལ་རྒྱབ་སྐྱོར་བྱས་ཀྱང་རྒྱ་ནག་གཞུང་གིས་ལས་བཟོ་བ་དང་སློབ་ཕྲུག་ཚོའི་ངོ་རྒོལ་ལས་འགུལ་འདིའི་རྒྱབ་ཏུ་ཕྱིའི་རྒྱལ་ཁབ་ཁག་གིས་ངལ་སྐུལ་བྱས་ཡོད་པའི་ལན་འདེབས་བྱེད་ཀྱི་ཡོད་པ་རེད།

ཧྲིན་ཀྲིན་གྱི་ལས་བཟོི་བར་རྒྱབ་སྐྱོར་བྱེད་མཁན་རྒྱ་ནག་གི་ས་ཆ་གང་སའི་སློབ་གྲྭ་ཆེ་ཁག་གི་སློབ་ཕྲུག་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བྱེད་མཁན་མང་པོ་ཞིག་མཉམ་ཞུགས་ཀྱིས་གཞུང་ལ་ངོ་རྒོལ་བྱས་ཡོད་ཅིང་། དེའི་གྲས་ཀྱི་སློབ་ཕྲུག་ཁ་ཤས་ཀྱིས་རང་ཉིད་ནི་རྒྱ་ནག་གི་མིང་ཏུ་གྲགས་པའི་སློབ་ཆེན་ཁག་གི་མར་ཁེ་སི་རིང་ལུགས་ལ་དད་མོས་ཡིད་ཆེས་བྱེད་མཁན་གྱི་སློབ་ཆེན་སློབ་ཕྲུག་ཡིན་ཞེས་བཤད། དེ་རིང་འགྲོ་བ་མིའི་ཐོང་ཐང་ལྟ་རྟོག་ཚོགས་པའི་རྒྱ་ནག་གི་ཉམས་ཞིབ་པ་ཝང་ཡ་ཆུག་གིས་བཤད་དོན། རྒྱ་ནག་གཞུང་གིས་རང་ཉིད་ནི་སྤྱི་ཚོགས་རིང་ལུགས་ཀྱི་མིིག་དཔེར་ལྟ་སའི་རྒྱལ་ཁབ་ཅིག་ཡིན་པའི་ཆེ་བ་བརྗོད་ཀྱི་ཡོད་ཀྱང་མར་ལེ་རིང་ལུགས་ཀྱི་ལྟ་གྲུབ་ལ་ཡིད་ཆེས་བྱེད་མཁན་གྱི་སློབ་ཕྲུག་དག་ལ་དེ་ལྟར་དྲག་གནོན་བྱེད་བཞིན་འདུག་ཅེས་ཟུར་ཟ་བྱས་འདུག ཡང་ཁོ་པས་འཛམ་གླིང་ཡོངས་ཀྱི་ལས་བཟོ་བའི་ཚོགས་སྡེ་ཁག་དང་སློབ་ཆེན་སློབ་ཕྲུག་རྣམས་ཀྱིས་མཉམ་འབྲེལ་བྱས་ཏེ་རྒྱ་ནག་གི་ལས་བཟོ་བ་དང་སློབ་མ་རྣམས་ལ་རྒྱབ་སྐྱོབ་བྱས་ནས་རྒྱ་ནག་གཞུང་གིས་ངལ་རྩོལ་བའི་ཐོབ་ཐང་རྩོད་ལེན་ལ་དྲག་གནོན་བྱེད་བཞིན་པར་ངོ་རྒོལ་བྱ་དགོས་ཞེས་བརྗོད་འདུག གཞན་ཡང་ཉེ་ཆར་རྒྱལ་སྤྱིའི་སྟེང་མིང་གྲགས་ཡོད་པའི་ཨ་རིའི་སྐད་བརྡ་རིག་པ་བ་གྲགས་ཆེན་ཆོ་མི་སེ་ཁེ་སོགས་ཆེད་མཁས་པ་སུམ་བཅུ་ལྷག་གིས་རྒྱ་ནག་ཧྲིན་ཀྲིན་གྱི་ལས་བཟོ་བར་རྒྱབ་སྐྱོར་བྱེད་མཁན་གྱི་སློབ་ཕྲུག་དག་ལ་རྒྱབ་སྐྱོར་བྱས་ཏེ། རྒྱ་ནག་གཞུང་གིས་གཙོ་སྐྱོང་བྱེད་བཞིན་པའི་འཛམ་གླིང་མར་ཁེ་སི་རིང་ལུགས་ཀྱི་རིག་གཞུང་ཚོགས་ཆེན་ལ་མཉམ་ཞུགས་མི་བྱ་རྒྱུའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད།

XS
SM
MD
LG