ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༣/༠༣/༢༩

ཨ་རི་དང་རྒྱ་ནག་གི་ཚོང་དོན་དང་སྲིད་དོན་གྱི་འགལ་ཟླ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་རེས་གཟའ་སྤེན་པའི་ཉིན་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ Argentinaའི་ནང་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་༢༠འི་ཆེས་མཐོའི་ཚོགས་འདུ་དེའི་ཟུར་དུ་ཨ མི་རི་ཀའི་སྲིད་འཛིན་ Donald Trump དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྣམ་གཉིས་ཀྱིས་ རྒྱལ་ཁབ་ཕན་ཚུན་གྱི་ཚོང་ཟོག་ནང་འདྲེན་གྱི་ཐོག་སྒོ་ཁྲལ་ཕར་མ་བཀོད་སྡོམ་བྱ་རྒྱུ་དེ་རེ་ཞིག་ངང་འཐེན་བྱེད་རྒྱུ་དང་ ཚོང་འབྲེལ་སྲིད་ཇུས་ཀྱི་ཐོག་གྲོས་མོལ་མུ་མཐུད་བྱེད་རྒྱུར་གྲོས་མཐུན་བྱུང་ཡོད་པ་རེད།

འོན་ཀྱང་ G20འམ་འབྱོར་ལྡན་རྒྱལ་ཁབ་༢༠འི་ཆེས་མཐོའི་ཚོགས་འདུ་དེའི་སྔོན་དུ་ སྲིད་འཛིན་ Trump གིས་ཕྱི་ཟླ་དགུ་པའི་ནང་རྒྱ་ནག་ནང་ནང་འདྲེན་ཚོང་ཟོག་ཨ་སྒོར་ཐེར་འབུམ་༢༠༠ལྷག་ཙམ་གནས་པའི་ཐོག་སྒོ་ཁྲལ་ཕར་མ་བཀོད་སྡོམ་གནང་པའི་ཁར་ ད་དུང་སྒོ་ཁྲལ་ཕར་བསྣོན་བཀོད་སྡོམ་གནང་རྒྱུའི་འཆར་གཞི་ཡོད་པའི་གསལ་བསྒྲགས་གནང་པའི་རྗེསུ་ རྒྱ་ནག་གིས་ཀྱང་ཨ་མི་རི་ཀའི་ཚོང་ཟོག་གི་ཐོག་ཡ་ལན་གྱི་སྒོ་ཁྲལ་བཀོད་སྡོམ་བྱས་ཏེ་ཡུལ་གཉིས་དབར་ཚོང་དོན་འཐབ་རྩོད་འདི་ཇེ་ཆེར་ཕྱིན་ཡོད་པ་རེད། ད་རེས་ཆེས་མཐོའི་ཚོགས་འདུ་དེའི་རྗེས་སུ་སྲིད་འཛིན་ Trump དང་ ཞི་ཅིན་ཕིང་རྣམ་གཉིས་ཀྱིས་དེང་རབས་ཅན་གྱི་འཕྲུལ་ལས་རིག་རྩལ་ཉོ་ཚོང་དང་ རིག་གནས་རྒྱུ་དངོས་ཀྱི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་ཚོང་འབྲེལ་གནད་དོན་དེ་དག་གི་ཐོག་གྲོས་མོལ་བྱེད་རྒྱུའི་དུས་རིང་ སྒོ་ཁྲལ་བཀོད་སྡོམ་གྱི་འཐབ་རྩོད་དེ་ཉིན་གྲངས་༩༠འི་རིང་བར་མཚམས་འཇོག་རྒྱུར་གྲོས་མཐུན་བྱུང་ཡོད་པ་རེད། འོན་ཀྱང་ཨ་མི་རི་ཀའི་གཞུང་གིས་ གལ་སྲིད་ཉིན་གྲངས་༩༠འི་དུས་བཀག་འདིའི་ནང་ཡུལ་གཉིས་དབར་གྲོས་མཐུན་ཞིག་མ་བྱུང་ཚེ་ ཐོག་མའི་བརྒྱ་ཆ་བཅུའི་སྒོ་ཁྲལ་དེ་བརྒྱ་ཆ་ ༢༥འི་བར་སྤར་ཆ་བྱེད་རྒྱུའི་སྡིགས་སྐུལ་ཉེན་བརྡ་བཏང་ཡོད་པ་རེད།

ཨ་མི་རི་ཀའི་ཕྱོགས་ནས་རྩོན་དོན་ནི་ རྒྱ་ནག་གིས་གཙོ་བོ་རིག་གནས་རྒྱུ་དངོས་དང་ འཕྲུལ་ལས་རིག་རྩལ་རྐུ་འཁྱེར་སོགས་ཀྱི་ཐད་དྲང་བདེན་མིན་པའི་ཚོང་ལས་བྱ་ཐབས་འདྲ་མིན་ལག་ལེན་བལྟར་གྱི་ཡོད་པའི་སྐྱོན་འཛུགས་གནང་གི་ཡོད་པ་རེད།

རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཨ་མི་རི་ཀའི་སྲིད་འཛིན་ Donald Trump དང་མཇལ་འཛོམས་དེའི་ཐོག་ རྒྱ་ནག་གིས་ཨ་མི་རི་ཀའི་ཚོང་ཟོག་མང་ཙམ་ཉོ་སྒྲུབ་བྱེད་རྒྱུའི་ཁས་ལེན་སོགས་ཐེ་བས་ ཨ་མི་རི་ཀའི་དགོས་འདུན་མང་པོ་ཞིག་ལ་ངོས་ལེན་བྱས་ཡོད་པ་རེད། འོན་ཀྱང་སྲིད་དོན་དཔྱད་ཞིབ་པ་མང་པོ་ཞིག་གིས་བརྗོད་དོན་བྱས་ན་ ཨ་མི་རི་ཀས་ རྒྱ་ནག་གི་འཕྲུལ་ལས་ལས་རྩལ་གཙོ་བོར་བྱེད་པའི་རྒྱ་ནགི་བཟོ་ལས་སྲིད་ཇུས་ཀྱི་ནང་འགྱུར་བཅོས་གཏོང་རྒྱུར་བཙན་སྐུལ་བྱས་ཚེ་ སྲིད་འཛིན་ཞི་ཅིན་ཕིང་གིས་མོས་མཐུན་འགྲིག་འཇགས་བྱེད་རྒྱུ་ཁག་པོ་ཡིན་པ་རེད།

གང་ལགས་ཟེར་ན་ཕྱོགས་གཅིག་ནས་རྒྱ་ནག་གིས་ ༢༠༢༥རྒྱ་ནག་གི་ནང་བཟོ་སྒྲུབ་ཟེར་བའི་མ་འོངས་འཆར་གཞི་གསལ་བསྒྲགས་དེའི་ནང་རྒྱ་ནག་གིས་ མི་གཟུགས་འཕྲུལ་ཆས་དང་ བཅོས་སྒྲིག་རིག་སྟོབས་སོགས་དེ་མིན་ཆེས་དེང་རབས་ཅན་གྱི་འཕྲུལ་ལས་ལག་རྩལ་གྱི་ནང་རྒྱལ་སྤྱིའི་འགོ་ཁྲིད་མི་སྣ་གསོ་སྐྱོང་བྱེད་རྒྱུའི་ཁས་ལེན་བྱས་ཡོད་པ་དང་ ཕྱོགས་གཞན་དེར་སྲིད་འཛིན་ཞི་ཅིན་ཕིང་གིས་ དུས་རབས་གསར་པའི་ནང་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱེད་རྒྱུའི་ཁས་ལེན་བྱས་པའི་བརྟེན་ རྒྱ་ནག་གིས་སྲིད་གཞུང་གིས་ སྤྱི་ཚོགས་རིང་ལུགས་ཀྱི་རྨངས་རྡོ་ལྟ་བུ་ཡིན་པ་ གཞུང་གཉེར་གྱི་བཟོ་ཚོང་ཁེ་ལས་ཀྱི་སྒྲིག་ཚུལ་དེར་འགྱུར་ལྡོག་གཏོང་ཐབས་མེད་པ་ཞིག་ཡིན་པ་རེད།

དེར་བརྟེན་སྲི་དོན་དཔྱད་ཞིབ་པ་ཁག་གིས་བརྗོད་དོན་བྱས་ན་ རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རང་གི་སྲིད་ཇུས་ལ་འགྱུར་ལྡོག་གཏོང་ཐབས་མེད་པའི་རྐྱེན་གྱིས་ རྒྱ་ནག་གིས་ཨ་མི་རི་ཀའི་སྲིད་འཛིན་ Trump གི་དགོས་དོན་དེ་དག་ལ་ངོས་ལེན་བྱེད་རྒྱུ་ཁག་པོ་ཡིན་པ་རེད། དེ་དང་ཕྱོགས་མཚུངས་ཨ་མི་རི་ཀའི་ཕྱོགས་ནས་ཀྱང་ གལ་སྲིད་རྒྱ་ནག་གིས་སྲིད་འཛིན་ Trump གི་དགོས་འདུན་དེ་དག་ལ་མོས་མཐུན་མ་བྱས་ཚེ་ ཡུལ་གཉིས་དབར་ཚོང་དོན་འཐབ་རྩོད་འདི་ཐག་གཅོད་ཡོང་རྒྱུའི་རེ་གཞི་ཞིག་མཐོང་རྒྱུ་ཁག་པོ་ཡིན་པ་རེད།།

XS
SM
MD
LG