ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞིན་ཅང་གི་སྲིད་ཇུས་རྣམས་ཉིང་ཞ་ཁུལ་དུ་ལག་ལེན་བསྟར་སྲིད།


༄༅།། རྒྱ་ནག་གི་ཉིང་ཞ་ཧོས་རིགས་རང་སྐྱོང་ཁུལ་དང་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་གཉིས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་ལ་ཕྱོགས་གཉིས་མཉམ་འབྲེལ་བྱ་རྒྱུའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད། དེང་སྐབས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་གཙོས་ཁ་ཆེའི་གྲངས་ཉུང་མི་རིགས་ལ་གནོན་སྡོམ་ཚབས་ཆེན་བྱེད་ཀྱི་ཡོད་པ་དང་། ཐ་ན་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ལྷག་བཀག་ཉར་བྱེད་ཡོད་པའི་གདུག་རྩུབ་ཀྱི་སྲིད་ཇུས་རྣམས་ཉིང་ཞ་ཧོས་རིགས་རང་སྐྱོང་ཁུལ་དུ་ལག་ལེན་བསྟར་སྲིད་པའི་རྟགས་མཚན་ཞིག་ཐོན་འདུག

བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་ཉིང་ཞ་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཉེ་ཆར་ཉིང་ཞ་ཧོས་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཀྲང་ཡུན་ཧྲེང་དང་ལས་སྣེ་ཁག་ཅིག་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ལ་རྟོག་ཞིབ་དང་ཉམས་མྱོང་སློབ་ཏུ་སོང་ཡོད་ཅིང་། ཁོང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་བྱས་ནས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་སྟངས་ཀྱི་ཉམས་མྱོང་བླངས་ཡོད་ཅེས་གནས་ཚུལ་སྤེལ། ཞིན་ཅང་གི་རྟོག་ཞིབ་སྐབས་སུ་ཀྲང་ཡུན་ཧྲེང་ཞིན་ཅང་གི་བརྟན་ལྷིང་རྒྱུན་འཁྱོངས་ལྟེ་གནས་དང་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་ལྟེ་གནས། ཞིན་ཅང་གི་ས་གནས་ཉེན་རྟོག་ལས་ཁང་ཁག་སོགས་ལ་དངོས་སུ་བསྐྱོད་ནས་ཉམས་མྱོང་བླངས་ཡོད་པར་མ་ཟད། འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་སྤྱད་ཞིན་ཅང་གི་འཕྲུལ་རིག་ལག་རྩལ་དང་ཞིན་ཅང་གི་ཡུ་གུར་བ་ཚོར་ཞིབ་འཇུག་བྱས་པའི་ཡིག་ཆའི་རེའུ་མིག་བཅས་ལའང་ལྟ་ཞིབ་བྱས་ཡོད་པ་རེད།

ཉིང་ཞ་ཧོས་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཀྲང་ཡུན་ཧྲེང་གིས་ཞིན་ཅང་གི་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱས་ནས་གྲུབ་འབྲས་ཐོན་ཡོད་པ་དེར་མིག་དཔེ་བལྟ་འོས་པ་དང་དེ་ལ་སློབ་སྦྱོང་བྱེད་འོས་པ་ཞིག་རེད་ཅེས་བཤད། ཐེ་ཝན་གྱི་གསར་འགོད་པ་ཞིག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཉིང་ཞ་ཧོས་རིགས་རང་སྐྱོང་ཁུལ་ལའང་ཞིན་ཅང་གི་བཀག་ཉར་ཁང་རྣམས་འཛུགས་སྲིད། ད་ལྟ་རྒྱ་ནག་གཞུང་གིས་ཞིན་ཅང་གི་ས་གནས་གང་སར་ཡུ་གུར་མི་རིགས་ལ་བསམ་བློའི་སློབ་གསོ་གཏོང་ཡུལ་བཀག་ཉར་ཁང་བརྒྱ་ཕྲག་འགའ་ཞིག་སྒོ་ཕྱེ་སྟེ་ཡུ་གུར་བ་ས་ཡ་གཅིག་ལྷག་བཀག་ཉར་བྱས་ནས་ཆབ་སྲིད་ཀྱི་སློབ་གསོ་གཏོང་གི་ཡོད་པའི་གནས་ཚུལ་ཐོན། ཉིན་ཞ་དང་ཞིན་ཅང་གཉིས་ཀའི་མི་དམངས་རྣམས་ཁ་ཆེ་ཡིན་པ་དང་ས་གནས་གཉིས་ཀྱི་མི་དམངས་ལ་རིག་གཞུང་གཅིག་པ་དང་ཆོས་ལུགས་གཅིག་འདྲ། ཡུལ་སྲོལ་གོམས་གཤིས་རྣམས་འདྲ་མཚུངས། ཉིང་ཞ་དང་ཞིན་ཅང་གཉིས་ཀ་གནའ་བོའི་དར་གོས་ཚོང་ལམ་གྱི་ས་ཁུལ་དུ་ཆགས་ཡོད་པས་ཀྲང་ཡུན་ཧྲེང་གིས་ཉིན་ཞ་ཧོས་རིགས་རང་སྐྱོང་ཁུལ་གྱིས་རྒྱུ་མཚན་དེའི་ཕྱིར་ན་ཞིན་ཅང་ལ་མིག་དཔེ་བལྟས་ནས་སློབ་སྦྱོང་བྱ་དགོས་ཀྱིན་འདུག་ཅེས་ནན་བརྗོད་བྱས་འདུག པེ་ཅིང་གི་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་ཉམས་ཞིབ་པ་ལི་ཝེ་ཞེས་པ་ཞིག་གིས་ཀྱང་ཕྱི་ཟླ་༡༡་ཚེས་༢༧་ཉིན་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་གྱི་གསར་འགོད་པར་ཞིན་ཅང་གིས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱས་ན་ནུས་པ་ཆེན་པོ་ཡོད། འདས་པའི་ལོ་མང་རིང་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་པའི་གྲུབ་འབྲས་ལ་མངོན་པར་བསྟོད་འོས་ཞེས་རྒྱ་ནག་གཞུང་གིས་ཞིན་ཅང་ལ་ལག་ལེན་བསྟར་བཞིན་པའི་སྲིད་ཇུས་དེར་རྒྱབ་སྐྱོར་བྱས་ཡོད་པ་རེད།

རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་གྱིས་ཕྱི་ཟླ་༡༡་ཚེས་༣༠་ཉིན་ཞིན་ཅང་དང་ཉིན་ཞ་གཉིས་ཀྱི་མཉམ་འབྲེལ་གྲོས་མཐུན་ཞིག་བཞག་པ་རེད་ཅེས་ཁྱབ་བསྒྲགས་བྱས་ནས་བཟུང་། རྒྱལ་སྤྱིའི་ཉམས་ཞིབ་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཉིན་ཞ་ཧོས་རིགས་རང་སྐྱོང་ཁུལ་ལ་ཞིན་ཅང་གི་དྲག་གནོན་དེ་དག་བྱ་སྲིད། དེ་ནས་སྲིད་ཇུས་དེ་རིམ་བཞིན་རྒྱ་ནག་རྒྱལ་ཡོངས་ལ་ཁྱབ་གདལ་འགྲོ་སྲིད་པའི་ཉེན་ཀ་འདུག་ཅེས་བློ་འཚབ་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་ཞིན་ཅང་གི་བཀག་ཉར་ཁང་དེ་རྣམས་ལག་ཤེས་སློབ་གྲྭ་ཡིན། རྒྱ་ནག་གཞུང་གིས་འཇིགས་སྐུལ་རིང་ལུགས་པ་ཚོར་ལག་ཤེས་སློབ་སྦྱོང་སྤྲད་ནས་འཚོ་བ་གསར་པ་ཞིག་བསྐྱར་དུ་འགོ་འཛུགས་ཐུབ་པའི་གོ་སྐབས་སྤྲོད་ཀྱིན་ཡོད། ལག་ཤེས་སློབ་གྲྭ་དེ་རྣམས་བཀག་ཉར་ཁང་མིན་ཟེར་གྱི་ཡོད་ཀྱང་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག ཕྱི་རྒྱལ་ན་ཡོད་པའི་ཡུ་གུར་བའི་མཐུན་ཚོགས་ཁག་གིས་ལག་ཤེས་སློབ་གྲྭ་ཡིན་ཟེར་པ་དེ་རྣམས་བཀག་ཉར་ཁང་རེད་ཅེས་ངེས་གཏན་ཐུབ་ཡོད། ད་སྔ་རྒྱ་ནག་གི་ཉིང་ཞ་ཧོས་རིགས་རང་སྐྱོང་ཁུལ་དུ་འཇིགས་སྐུལ་རིང་ལུགས་པས་ཟིང་འཁྲུག་བསླངས་ནས་སྤྱི་ཚོགས་ལ་ཞི་བདེ་བརྟན་ལྷིང་མེད་པར་བཏང་བའི་གནས་ཚུལ་བྱུང་བ་མཐོང་ཐོས་དཀོན་མོད། འོན་ཀྱང་ཉིན་ཞ་ས་ཁུལ་ལ་སོ་ཌི་ཨ་རེ་བྷི་ཡ་གཙོ་བོར་གྱུར་པའི་ཨ་རབ་རྒྱལ་ཁབ་ཁག་གིས་དཔལ་འབྱོར་རོགས་རམ་སྤྲད། ཨ་རབ་དང་ཁ་ཆེའི་བཟོ་བཀོད་ལྟར་གྱི་ཁ་ཆེའི་ལྷ་ཁང་གཅིག་ལས་གཅིག་རྫིག་པ་རྣམས་འཛུགས་སྐྲུན་བྱས་ཡོད་པ་དང་། ད་དུང་ཉིན་ཞ་ས་ཁུལ་དུ་ཨ་རབ་སྐད་སློབ་སྦྱོང་བྱེད་པའི་ལམ་སྲོལ་ཡང་ཤུགས་ཆེན་ཞིག་དར་གྱི་ཡོད་པ། ཉིན་ཞ་ནས་ཨ་རབ་རྒྱལ་ཁབ་ཁག་ལ་མཁའ་ལམ་གྱི་འགྲིམ་འགྲུལ་ཡང་མཐུན་གྱི་ཡོད་པ་རེད།།

XS
SM
MD
LG