ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་ལ་རྒྱ་ནག་གི་ཤུགས་རྐྱེན་ཐེབས་སྲིད་པའི་བློ་འཚབ།


༄༅།། བདུན་ཕྲག་སྔོན་མའི་གཟའ་མཇུག་ཉིན་ཐེ་ཝན་གྱི་གྲོང་ཁྱེར་སྤྱི་ཁྱབ་དང་རྫོང་དཔོན། ས་གནས་ཀྱི་འགོ་ཁྲིད་རྣམས་དམངས་གཙོའི་ལམ་ནས་འོས་འདེམས་བྱས་ནས་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་ཞིང་། ཐེ་ཝན་གྱི་ཁ་གཏད་ཚོགས་པ་གོ་མིན་ཏང་ལ་གའོ་ཤུང་གཙོ་བོར་གྱུར་པའི་ཐེ་ཝན་གྱི་གྲོང་ཁྱེར་དང་རྫོང་ཁག་བཅོ་ལྔའི་སྤྱི་ཁྱབ་དང་རྫོང་དཔོན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ། དེར་བརྟེན་སྲིད་དོན་ཉམས་ཞིབ་པ་མང་པོ་ཞིག་གིས་ཐེ་ཝན་གྱི་གོ་མིན་ཏང་ལ་རྒྱ་ནག་གཞུང་གིས་ཤུགས་རྐྱེན་ཐེབས་རྒྱུ་སྔར་ལས་ཤུགས་ཆེ་རུ་འགྲོ་སྲིད་པའི་བློ་དོགས་བྱེད་ཀྱི་ཡོད་ཅིང་། གོ་མིན་ཏང་གིས་རྒྱ་ནག་གཞུང་དང་འདྲ་བར་ཐེ་ཝན་དང་རྒྱ་ནག་གཉིས་ཀ་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་རྩ་དོན་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པར་བརྟེན། ད་ནས་བཟུང་སྟེ་རྒྱ་ནག་གཞུང་གིས་གོ་མིན་ཏང་གིས་དབང་སྒྱུར་བྱེད་བཞིན་པའི་ཐེ་ཝན་གྱི་གྲོང་ཁྱེར་ཁག་དང་རྫོང་སྡེ་ཁག་ལ་ཐད་ཀར་འབྲེལ་བ་བཙུགས་ནས་ཐེ་ཝན་གྱི་དབུས་སྲིད་གཞུང་ནུས་པ་མེད་པ་དང་དགོས་མཁོ་མེད་པ་ཞིག་ཏུ་སྒྱུར་ཐབས་བྱ་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་སྲིད་པའི་ཉེན་ཀ་འདུག་ཅེས་ཐེ་ཝན་པ་ཚོར་བློ་འཚབ་ཡོང་གི་ཡོད་པ་རེད།

ཐེ་ཝན་ལྷོ་ཕྱོགས་ཀྱི་གའོ་ཤུང་དང་ཐེ་ཁྲུང་། ཡུན་ལིན་བཅས་གྲོང་ཁྱེར་ཆེ་ཁག་དེ་རྣམས་གཞི་རྩའི་ཆ་ནས་ཐེ་ཝན་གྱི་གཞུང་འཛིན་ཚོགས་པ་དམངས་གཙོ་ཡར་ཐོན་ཚོགས་པའི་རྒྱབ་སྐྱོར་པའི་ས་ཁུལ་ཁག་ཡིན་ཞིང་། ད་ལོའི་འོས་འདེམས་སྐབས་སུ་གོ་མིན་ཏང་ལ་རྒྱལ་ཁ་ཐོབ་སའི་གྲོང་ཁྱེར་དང་རྫོང་སྡེ་ཁག་གི་མི་དམངས་ཀྱིས་ཐེ་ཝན་མཚོ་གླིང་ལ་མི་འབོར་ས་ཡ་༢༣་ཡོད་པ་དེའི་བརྒྱ་ཆ་༨༠་ལྷག་ཟིན། ཕྱི་ཟླ་༡༢་ཚེས་༢༥་ནས་གཟའ་འཇུག་དེར་གསར་དུ་འདེམས་ཐོན་བྱུང་བའི་ཐེ་ཝན་གྱི་གྲོང་ཁྱེར་སྤྱི་ཁྱབ་པ་དང་རྫོང་དཔོན་ཚོས་ལས་ཁུར་བཞེས་དགོས་པ་རེད། ཐེངས་འདིའི་འོས་འདེམས་ཀྱི་མཇུག་འབྲས་དེས་༢༠༢༠་ལོར་ཐེ་ཝན་ལ་སྲིད་འཛིན་འོས་འདེམས་བྱེད་པའི་དུས་སུ་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་འགོ་ཁྲིད་པའི་དམངས་གཙོ་ཡར་ཐོན་ཚོགས་པར་སླར་ཡང་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁབ་འཐོབ་རྒྱུ་ཡིན་མིན་ངེས་གཏན་མེད་པར་གྱུར་པར་མ་ཟད། གཟའ་སྤེན་པའི་འོས་འདེམས་ལ་ཕམ་ཉེས་བྱུང་བའི་རྗེས་སུ་སྲིད་འཛིན་ཚེ་དབྱིན་ཝེན་དམངས་གཙོ་ཡར་ཐོན་སྲིད་དོན་ཚོགས་པའི་འགོ་ཁྲིད་ཀྱི་ལས་གནས་ནས་གནང་བ་ཞུ་དགོས་ཐུག་ཅིང་། གལ་སྲིད་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་གྲོང་ཁྱེར་དང་གྲོང་ཁྱེར། རྫོང་ཁག་དང་རྫོང་ཁག་རིམ་པར་འབྲེལ་བ་བཙུགས་ནས་ཐེ་ཝན་དང་རྒྱ་ནག་གི་འབྲེལ་བ་ཡར་རྒྱས་གཏོང་ཐུབ་ཚེ། ༢༠༢༠་ལོའི་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་སྐབས་སུ་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་འཐོབ་རྒྱུ་དེ་བས་ཀྱང་དཀའ་ངལ་ཆེ་རུ་ཕྱིན་ཡོད་པའི་གླེང་སློང་འབྱུང་བཞིན་འདུག

མཚོ་འགག་ཕྱོགས་གཉིས་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ལས་སྣེ་ཞིག་གིས་གསར་འགོད་པ་ཚོར་ང་ཚོས་ཐེ་ཝན་གྱི་གྲོང་ཁྱེར་དང་རྫོང་ཁག་རིམ་དང་རྒྱ་ནག་གཉིས་ལ་འབྲེལ་བ་མང་ཙམ་འཛུགས་རྒྱུ་དང་ཐེ་ཝན་དབུས་གཞུང་གི་སྟོབས་ཤུགས་གཅོག་རྒྱུའི་རྣམ་པ་ཞིག་མཐོང་གི་འདུག རྒྱ་ནག་གིས་གཞི་རིམ་ནས་སིམ་འཛུལ་ཞེས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་ཐེ་ཝན་གྱི་གཞི་རིམ་མང་ཚོགས་ལ་འབྲེལ་བ་བྱ་རྒྱུ་དང་ཤུགས་རྐྱེན་ཐེབས་རྒྱུ་ཤུགས་ཆེ་རུ་གཏོང་སྲིད་པའི་ཉེན་ཀ་འདུག་ཅེས་བཤད། ཐེ་ཝན་གྱི་སྲིད་དོན་དཔྱད་ཞིབ་པ་ཚོས་སྲིད་འཛིན་ཚེ་དབྱིན་ཝེན་གྱི་སྲིད་གཞུང་གིས་རྒྱ་ནག་གི་གཞི་རིམ་སིམ་འཛུལ་སྲིད་ཇུས་ལ་ཁ་གཏད་ཇི་ལྟར་གཅོག་དགོས་མིན་གྱི་འཆར་གཞི་ཞིག་བསྒྲིག་དགོས། རྒྱ་ནག་གཞུང་དང་ཐེ་ཝན་གྱི་ས་གནས་སྲིད་གཞུང་ཁག་གི་འབྲེལ་བ་ཡག་ཏུ་བཏང་ནས་དབུས་སྲིད་གཞུང་མཐའ་ཟུར་དུ་མི་ཕུད་པའི་སྔོན་འགོག་བྱ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད། ཐེ་ཝན་གྱི་རྒྱལ་ས་ཐེ་པེ་གྲོང་ཁྱེར་སྤྱི་ཁྱབ་ཀྱི་འོས་འདེམས་ལ་གོ་མིན་ཏང་གི་འོས་འདེམས་དེར་འོས་ཤོག་སྟོང་ཕྲག་འགའ་ཞིག་གིས་མ་ལོངས་པར་སྤྱི་ཁྱབ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་མེད་ཀྱང་ཐེ་ཝན་གྱི་རྒྱལ་སའི་ས་གནས་རིམ་པར་རྒྱ་ནག་གིས་ཤུགས་རྐྱེན་ཐེབས་རྒྱུའི་རྣམ་པ་འདུག་ཅེས་ཉེན་བརྡ་བཏང་འདུག

ཐེ་པེ་གྲོང་ཁྱེར་གཞུང་གིས་ལོ་རེའི་ཐེ་པེ་དང་ཧྲང་ཧེ་གཉིས་ཀྱི་བགྲོ་གླེང་ཚོགས་འདུ་སྔོན་མའི་འཆར་གཞི་ལྟར་འཚོགས་འཆར་ཡོད་ཅེས་ངེས་གཏན་བྱས་པ་དང་། ད་ལྟ་བསྐྱར་དུ་འདེམས་ཐོན་བྱུང་བའི་ཐེ་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཀོ་ཝེན་ཅེས་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་གྱི་སྤྱི་ཁྱབ་དབྱིང་ཡུང་ཐེ་ཝན་ལ་མགྲོན་འབོད་བྱས་འདུག ཐེ་པེ་གྲོང་ཁྱེར་སྤྱི་ཁྱབ་ཀོ་ཝེན་ཅེ་རྒྱ་ནག་ལ་འཚམས་འདྲིར་ཐེངས་གཉིས་ཕེབས་ཡོད་པ་དང་ཁོ་པ་ཐེ་ཝན་གྱི་སྲིད་དོན་ཚོགས་པ་ངེས་ཅན་ཞིག་གི་ཁོངས་སུ་ཞུགས་མེད་ཀྱང་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པས་རྒྱབ་སྐྱོར་ཐོབ། ཉེ་བའི་ལོ་ཤས་ཤིག་ནས་ཀོ་ཝེན་ཅེས་རྒྱ་ནག་ལ་འབྲེལ་བ་དམ་ཟབ་འཛིན་གྱི་ཡོད་པའི་རྟགས་མཚན་མང་པོ་ཞིག་མངོན། ༢༠༡༥་ལོར་ཀོ་ཝེན་ཅེའི་རྒྱབ་སྐྱོར་པ་ཚོས་དགག་བྱ་ཤུགས་ཆེན་བྱས་མིན་ལ་མ་བལྟས་པར་ཁོ་པ་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་ཕེབས་ནས་མཚོ་འགག་ཕྱོགས་གཉིས་ཀྱི་བགྲོ་གླེང་ཚོགས་འདུར་ཞུགས། ཁོ་པས་ཐེ་ཝན་གྱི་སྲིད་དོན་པ་ཚོས་ཆབ་སྲིད་ལ་འབྲེལ་བ་མེད་པའི་གནད་དོན་ཞིག་སྲིད་དོན་ལ་སྒྱུར་གྱིན་འདུག་ཅེས་ཁ་རྡུང་བཏང་ནས་ན་ནིང་སླང་ཡང་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་ལ་འཚམས་འདྲིར་ཕེབས་ཡོད་པ་རེད།།

XS
SM
MD
LG