ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡུ་གུར་བའི་སྐོར་གྱི་གསར་འགོད་ཚོགས་འདུ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཁ་སང་སྤྱི་ཟླ་༡༡་པའི་ཚེས་༢༦་ཉིན་ཨ་རིའི་གསར་འགོད་པའི་མཐུན་ཚོགས་ཞིག་གིས་ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་བའི་གསར་འགོད་ལྷན་ཚོགས་ཤིག་བསྡུས། གསར་འགོད་ལྷན་ཚོགས་ཐོག་ཏུ་འཛམ་གླིང་རྒྱལ་ཁབ་༢༦་གི་ལས་རིགས་མི་འདྲ་བའི་ཆེད་ལས་མཁས་པ་༢༧༨་ཀྱིས་ཐུན་མོང་གི་གསལ་བསྒྲགས་ཤིག་སྤེལ་ཏེ་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་གཙོས་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་མང་པོ་བཀག་ཉར་བྱས་ཡོད་པར་སྐྱོན་བརྗོད་བྱས་ཤིང་། འཛམ་གླིང་རྒྱལ་ཁབ་དེ་ཚོས་རྒྱ་ནག་གིས་ཡུ་གུར་བ་མང་པོི་བཀག་ཉར་བྱས་ཡོད་པར་ངེས་པར་དུ་ཉེས་ཆད་གཅོད་དགོས་པའི་འབོད་སྐུལ་ཞུས་འདུག

རྒྱ་ནག་གཞུང་གིས་ཉེས་མེད་མི་དམངས་ཀྱི་ལུས་སེམས་གཉིས་ལ་མནར་གཅོད་གཏོང་བཞིན་པ་ནི་གཏན་ནས་མ་འཚམས་པ་ཞིག་རེད་ཅེས་རྒྱ་ནག་གཞུང་ལ་ཉེན་བརྡ་བཏང་ཡོད་པ་སྟེ། གསལ་བསྒྲགས་དེར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེང་ཁྲེན་ཆོན་ཀོས་སློབ་གསོ་བསྐྱར་མ་སྤེལ་ཡུལ་ཡིན་ཟེར་པའི་བཀག་ཉར་ཁང་རྣམས་སྒོ་བརྒྱབ་ནས་མི་ཚང་མ་གློད་གྲོལ་གཏོང་དགོས། ཞིན་ཅང་གི་ཡུ་གུར་བ་བཀག་ཉར་ལ་ཐད་ཀར་འབྲེལ་བ་ཡོད་པའི་རྒྱ་ནག་གི་དཔོན་རིགས་ཁག་དང་། རྒྱ་ནག་གི་བཀག་ཉར་ལྟ་རྟོག་སོགས་ལ་འབྲེལ་ཡོད་པའི་ཚན་ལག་རྩལ་གྱི་ལག་ཆ་སོགས་མཐུན་འགྱུར་བྱེད་མཁན་གྱི་ཚན་རྩལ་བཟོ་ཚོང་ལས་ཁང་ཁག་ལ་ཉེས་ཆད་གཅོད་དགོས། ཞིན་ཅང་གི་ཡུ་གུར་བ་དང་དེ་མིན་གྱི་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚོར་ཆབ་སྲིད་སྐྱབས་བཅོལ་བའི་ཐོབ་ཐང་སྤྲོད་རྒྱུ། ཕྱིའི་རྒྱལ་ཁབ་ཁག་ཏུ་སླེབས་ཟིན་པའི་ཡུ་གུར་བ་རྣམས་རྒྱ་ནག་ལ་ཕྱིར་སློག་བྱེད་མི་ཆོག་པ་བཅས་ཀྱི་བསམ་ཚུལ་ཁག་བདུན་བཏོན་འདུག

གཞན་ཡང་ཐེངས་འདིའི་གསར་འགོད་ལྷན་ཚོགས་ཐོག་ཏུ་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་བཅུག་མྱོང་བའི་མི་འགའ་ཞིག་གསར་འགོད་ལྷན་ཚོགས་དེར་མཉམ་ཞུགས་ཀྱིས་རང་གིས་དངོས་སུ་མྱངས་པའི་དཀའ་སྡུག་རྣམས་བཤད་ཡོད་ཅིང་། ཁོ་ཚོའི་གྲས་ཀྱི་གཅིག་ནི་ལོ་ན་༢༩་ལ་སོན་པའི་ན་གཞོན་མ་མཱི་ན་ཟེར་པ་ཞིག་ཡིན་པ་དང་། ཁོ་མོ་སྤྱི་ལོ་༢༠༡༨་ལོའི་སྤྱི་ཟླ་དང་པོའི་ནང་དུ་འཛིན་བཟུང་བཙན་ཁྲིད་བྱས་ཤིང་། ཁོ་མོ་ཁྲིད་པའི་སྐབས་སུ་མགོ་ལ་རས་ཁུག་ནག་པོ་ཞིག་གཡོགས། རྐང་ལག་གཉིས་ཀར་ལྕགས་སྒྲོག་བརྒྱབ་ནས་སྨན་ཁང་ཞིག་ཏུ་ཁྲིད་སོང་། སྨན་ཁང་དུ་གྱོན་གོས་ཆ་ཚང་ཕུད་ནས་བརྟག་དཔྱད་བྱས་རྗེས་བཙོན་ལྭ་སྔོན་པོ་ཞིག་གྱོན་ཏུ་བཅུག་པ་དང་། ཁོ་མོའི་བཙོན་ལྭའི་སྟེང་གི་ཨང་གྲངས་ནི་༥༤་རེད། ཨང་གྲངས་དེའི་རྒྱ་སྐད་ཀྱི་ནང་དོན་ནི་ང་ཤི་སོང་ཟེར་པའི་སྒྲ་གདངས་ཤིག་ཐོན། རྒྱ་གཞུང་གི་དཔོན་རིགས་ཤིག་གིས་ན་གཞོན་མ་དེར་བཙོན་ལྭ་དེའི་རིགས་ནི་སྲོག་ཁྲིམས་གཅོད་དགོས་པའི་མི་ཚོར་ཆེད་དུ་བསྐོན་གྱི་ཡོད་ཅེས་བརྗོད་པས། ཁོ་མོ་བཙོན་ཁང་དེར་འཆི་བར་ངེས་སྙམ་པའི་སྐྲག་སྣང་བྱུང་སོང་ཞེས་སྐབས་དེའི་བཙོན་ཁང་གི་འཇིགས་སྣང་རྣམས་འགྲེལ་བཤད་བརྒྱབ་ཡོད་པར་མ་ཟད། ཁོ་མོའི་བཙོན་ཁང་དེའི་ཨང་གྲངས་༢༡༤་ཡིན་པ་དང་། བཙོན་ཁང་དེར་སྒེའུ་ཁུང་མེད་པར་ཁང་ཀླད་དུ་རླུང་རྒྱུ་ས་ཞིག་མ་གཏོགས་མེད། ཕྱོགས་བཞི་ལ་སོ་ཁང་བཙུགས་ཏེ་ནང་དུ་བུད་མེད་༤༠་ཞེ་གྲངས་ཤིག་བཀག་ཉར་ཡོད་པའི་གྲས་ཀྱི་ལོ་ན་ཆུང་བ་ནི་ལོ་༡༧་དང་ལོ་ན་ཆེ་བ་ནི་ལོ་༦༢་རེད། ཁོ་ཚོའི་གྲས་སུ་ན་གཞོན་མ་དེའི་ཁྱིམ་མཚེས་དང་དགེ་རྒན་གྱི་བུ་མོ། སྨན་པ་ཞིག་བཅས་ངོ་ཤེས་མང་པོ་ཞིག་འདུག་ཅེས་བཤད།

ཁོ་ཚོ་ཞོགས་པ་ཆུ་ཚོད་༥་པ་ནས་ལངས་ནས་ཞོགས་ཇ་མ་འཐུང་སྔོན་ལ་གུང་ཁྲན་ཏང་གི་བསྟོད་གླུ་ལེན་དགོས་པ་དང་། ཞིས་ཅིན་ཕིང་ཁྲི་ལོ་བརྟན་པར་ཤོག་ཅེས་ཡང་ནས་ཡང་དུ་ཟློས་དགོས། རྒྱ་གཞུང་ལ་བསྟོད་གླུ་མ་བླུངས་པ་དང་ཞིས་ཅིན་ཕིང་ལ་བསྟོན་པ་མ་འཐེན་ན་བཟའ་བཏུང་མི་སྤྲོད་པའམ། ཡང་ན་གཅར་རྡུང་ཕོག ཉིན་ལྟར་བཀག་ཉར་ཁང་དུ་མི་གསར་པ་འཇུག་བཞིན་ཡོད་པ་དང་ཟླ་བ་གསུམ་གྱི་རིང་དུ་བཙོན་ཁང་དེར་མི་༦༨་ལོངས་ནས་ཉལ་དུས་ཉལ་ཁྲི་ཁ་ཤས་ཀྱི་སྟེང་དུ་ཆུ་ཚོད་གཉིས་རེའི་མཚམས་སུ་རེས་མོས་ཀྱིས་ཉལ་དགོས་བྱུང་སོང་། ལྷག་པར་དུ་ཁོ་མོ་ཟླ་བ་གསུམ་ལ་བཙོན་འཇུག་བྱ་ཡུལ་གྱི་ཁང་མིག་གཅིག་པུའི་ནང་དུ་མི་༦༨་ཡོད་པ་དེའི་གྲས་ནས་མི་༩་འདས་གྲོངས་སུ་གྱུར་སོང་ཞེས་བཤད་འདུག

འདས་པའི་ཟླ་བ་ཁ་ཤས་ཀྱི་རིང་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཤེས་ཡོན་ཅན། ཕྱིའི་རྒྱལ་ཁབ་ཁག་གི་སྲིད་གཞུང་བཅས་ཀྱིས་རྒྱ་ནག་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱས་ཡོད་པ་སྟེ། ད་ལོའི་སྤྱི་ཟླ་༨་པའི་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཡུ་གུར་བ་གཙོས་ཁ་ཆེའི་གྲངས་ཉུང་མི་རིགས་ཡ་གཅིག་ལྷག་བཀག་ཉར་བྱས་འདུག་ཅེས་སྙན་ཐོ་བཏོན་ནས་ཁུངས་སྐྱེལ་ར་སྤྲོད་གསལ་བོ་བྱས་ཤིང་། ད་དུང་ཞིན་ཅང་དང་འབྲེལ་བའི་གནས་ཚུལ་གཞན་ཞིག་ནི་ཨ་རིའི་ནེའུ་ཡོཀ་་གྲོང་ཁྱེར་དུ་གཏན་སྡོད་བྱེད་མཁན་རྒྱ་ནག་གི་པར་པ་སྐད་གྲགཅ་ཅན་ལུའུ་ཀྭང་ཟླ་བ་༡༠་པའི་ཟླ་མཇུག་ཏུ་གྲོགས་པོས་གདན་ཞུ་བྱས་ནས་ཞིན་ཅང་གི་ཨུ་རུ་མུ་ཆི་གྲོང་ཁྱེར་དུ་སོང་མོད། འོན་ཀྱང་སྤྱི་ཟླ་༡༡་པའི་ཚེས་༣་གྱི་མཚན་མོ་ནས་ལུའི་ཀྭང་ལ་འབྲེལ་ལམ་ཆད་ནས་གར་སོང་ཆ་མེད་དུ་གྱུར། ཁོང་གི་བཟའ་ཟླ་ཞོས་ཞོ་ལིས་བཤད་པ་ལྟར་ན་པར་པ་ལུའུ་ཀྭང་དང་གྲོགས་པོི་གཉིས་རྒྱ་ནག་གི་བདེ་འཇགས་སྲུང་སྐྱོབ་ཉེན་རྟོག་པས་ཁ་ཤི་སྒར་ཧྲི་གྲོང་ཁྱེར་དུ་ཁྲིད་འདུག ཁོ་ཚོས་རྒྱུ་རྐྱེན་ཅི་ཞིག་གི་ཆེད་དུ་ལུའུ་ཀྭང་དང་རོགས་པ་གཉིས་ཁྲིད་པ་ཤེས་ཀྱི་མི་འདུག་ཅེས་བཤད། ལུའུ་ཀོང་ནི་རྒྱ་ནག་གི་མིང་གྲགས་ཅན་གྱི་རང་དབང་པར་པ་ཞིག་ཡིན་ཞིང་། ད་ལྟའི་བར་དུ་ལོ་ངོ་ཉི་ཤུ་རྩ་ལྔའི་རིང་ལ་ཁོ་པས་པར་ལེན་གྱི་ཆེད་ལས་གཙོ་བོར་གཉེར། འདྲ་པར་རྣམས་རྒྱ་ནག་གི་ཁོར་ཡུག་སྲུང་སྐྱོབ་དང་མང་ཚོགས་ཀྱི་དཀའ་ངལ་སོགས་ཛ་དྲག་ཅན་གྱི་མཐོང་ཆོས་རྣམས་འདྲ་པར་ལེན་གྱི་ཡོད་པ་རེད།།

XS
SM
MD
LG