ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

སེ་ར་ཐེག་ཆེན་གླིང་དུ་འཇང་དགུན་ཆོས་ཚོགས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

འདི་ལོའི་འཇང་དགུན་ཆོས་ཆེན་མོ་རྒྱ་གར་ལྷོ་ཕྱོགས་ཀྱི་སྦེ་ལ་ཀོ་པི་གཞིས་ཆགས་ཀྱི་ཁོངས་གཏོགས་སུ་ཕྱག་བཏབ་པའི་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་འཚོགས་བཞིན་ཡོད་ཅིང་། འདི་ནི་འཇང་དགུན་ཆོས་ཐེངས་ཉེར་དགུ་དེ་པ་ཡིན་པ་དང་རྒྱ་གར་དང་བལ་ཡུལ་བཅས་ལ་གཞི་ཚུགས་པའི་རི་བོ་དགེ་ལྡན་པའི་གདན་ས་གསུམ་གཙོས་དགོན་སྡེ་བཅུ་དྲུག་གི་དགེ་འདུན་པ་༢༩༥༥་མཉམ་འདུས་བྱུང་འདུག་ཅེས་འཇང་དགུན་ཆོས་གོ་སྒྲིག་ཚོགས་ཆུང་གི་རྒྱུན་ལས་སེར་སྨད་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་སོང་།

འཇང་དགུན་ཆོས་ལ་ཞུགས་མཁན་དགེ་འདུན་པ་ཚོས་ཚད་མ་རྣམ་འགྲེལ་གྱི་གཞུང་ལ་རྩོད་བསྡུར་པ་གནང་སྟེ་གཞུང་ཆེན་གྱི་དཀའ་གནད་ཁག་རིགས་པས་སྒྲོ་འདོགས་ཆོད་དུ་འཇུག་གི་ཡོད་ཅིང་། དགུན་དུས་ཟླ་བ་གཅིག་རིང་དུ་ཚད་མ་རྣམ་འགྲེལ་གྱི་གཞུང་ལ་རྩོད་བསྡུར་གནང་གི་ཡོད་པ་འདི་ལ་ལོ་བརྒྱ་ཕྲག་འགའ་ཞིག་གི་ལོ་རྒྱུས་ཡོད་པར་མ་ཟད། ལོ་ལྟར་ཕྱི་ཟླ་༡༡་པའི་ཚེས་༢༤་ནས་བཟུང་སྟེ་ཕྱི་ཟླ་༡༢་ཚེས་༡༥་བར་དུ་ཉི་མ་༢༡་གི་རིང་དུ་འཇང་དགུན་ཆོས་ཚོགས་སྲོལ་ཡོད་པ་དང་། ༢༠༡༨་ལོའི་འཇང་དགུན་ཆོས་ཆེན་མོ་སེ་ར་ཐེག་ཆེན་གླིང་དུ་འཚོགས་ཀྱི་ཡོད་པ་རེད།

བྱེས་ཀྱི་གདན་ས་ཁག་ཏུ་སྔར་རྒྱུན་བཞིན་ཞོགས་ཆོས་དང་མཚན་ཕུད་རྣམས་རྒྱུན་སྐྱོང་བྱས་ནས་འཇང་དགུན་ཆོས་ཀྱི་སྲོལ་རྒྱུན་བཟང་པོ་མི་ཉམས་གཅེས་འཛིན་བྱེད་བཞིན་འདུག སྤྱིར་གཞུང་ཆེན་སློབ་གཉེར་གནང་མཁན་ཞིག་ལ་མཚོན་ན་འཇང་དགུན་ཆོས་སུ་ཞུགས་རྒྱུ་ནི་ལོ་ངོ་ཉི་ཤུ་ལྷག་ལ་ཐོས་བསམ་རྒྱ་ཆེན་པོ་གནང་སྟེ་གཞུང་ཆེན་ཁག་བརྡར་ཤ་གཅོད་གོ་སྐབས་མཆོག་ཏུ་གྱུར་པ་ཞིག་ཡིན་འདུག

འཇང་དགུན་ཆོས་གོ་སྒྲིག་ཚོགས་ཆུང་གིས་ཕྱོགས་མཐའི་དགེ་འདུན་པ་ཚོར་ལམ་གྲོན་དང་གསོལ་དོད། ཛ་དྲག་གི་སྨན་བཅོས་ལྟ་སྐྱོང་སོགས་ཀྱི་མཐུན་འགྱུར་གནང་བཞིན་ཡོད་པས་མི་དམངས་ཀྱིས་འཇང་དགུན་ཆོས་ཚོགས་པའི་སྐབས་སུ་དམིགས་བསལ་གྱི་དགའ་དད་གུས་གསུམ་སྒོ་ནས་ཚོགས་མཇལ་དང་བསྙེན་བཀུར་ཞུ་སྲོལ་ཞིག་དར་འདུག

སེ་ར་འཇང་དགུན་ཆོས།
please wait

No media source currently available

0:00 0:02:33 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG