ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀ་ར་ཆིའི་རྒྱ་ནག་གི་དོན་གཅོད་ཁང་ལ་གཏོར་རྒོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་གིས་པ་ཀི་སི་ཐན་ལ་ཨ་སྒོར་དུང་ཕྱུར་མང་པོས་དཔལ་འབྱོར་རོགས་རམ་སྤྲོད་པ་དང་རྒྱལ་ཁབ་དེའི་དམག་དོན་ལ་རྒྱབ་སྐྱོར། ལྷག་པར་དུ་རྒྱ་གར་གྱིས་པ་ཀི་སི་ཐན་ལ་དམག་བརྒྱབ་པའི་དུས་སུ་པ་ཀི་སི་ཐན་གྱི་རྒྱབ་རྟེན་གཙོ་བོར་རྒྱ་ནག་ལས་མེད། ཐ་ན་པ་ཀི་སི་ཐན་གྱི་རྡུལ་ཕྲན་མཚོན་ཆའི་འཕྲུལ་རིག་ལག་རྩལ་ཕལ་ཆེ་བ་རྒྱ་ནག་གིས་མཁོ་སྤྲོད་བྱས་པ་ཞིག་ཡིན་ཞིང་། ད་སྔ་པ་ཀི་སི་ཐན་གྱི་ས་ཐོག་ཏུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཁང་དང་ཕྱི་འབྲེལ་དོན་གཅོད་ལས་ཁང་ཁག་ལ་ཁ་ཆེ་དྲག་སྤྱོད་པ་ཚོས་གཏོར་རྒོལ་བྱུང་མྱོང་མེད་མོད། འོན་ཀྱང་ཕྱི་ཟླ་༡༡་ཚེས་༢༣་ཉིན་པ་ཀི་སི་ཐན་གྱི་ཁ་ཆེ་དྲག་སྤྱོད་པ་གསུམ་གྱིས་ཀ་ར་ཆི་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་ཕྱི་འབྲེལ་དོན་གཅོད་ཁང་ལ་གཏོར་རྒོལ་བྱས་ནས་ཉེན་རྟོག་པ་གཉིས་བསད། པ་ཀི་སི་ཐན་གྱི་བདེ་འཇགས་མི་སྣ་ཚོས་མེ་མདའ་བརྒྱབ་ནས་ཁ་ཆེ་དྲག་སྤྱོད་པ་དེ་དག་བསད་ཡོད་པའི་གནས་ཚུལ་ཐོན།

པ་ཀི་སི་ཐན་གྱི་བྷ་ལུ་ཆི་སི་ཐན་བཅིངས་འགྲོལ་དམག་ཟེར་པའི་ཚོགས་པ་ཞིག་གིས་ཊོས་ཊར་དྲྭ་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན་ཀ་ར་ཆི་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་ཕྱི་འབྲེལ་དོན་གཅོད་ཁང་ལ་གཏོང་རྒོལ་བྱེད་མཁན་བྷ་ལུ་ཆི་སི་ཐན་བཅིངས་འགྲོལ་དམག་གི་ཚོགས་མི་ཡིན། ང་ཚོས་རྒྱ་ནག་གི་ཕྱི་འབྲེལ་དོན་གཅོད་ཁང་ལ་གཏོར་རྒོལ་བྱས་དོན་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་བྷ་ལུ་ཆི་སི་ཐན་གྱི་གཏེར་ཁ་དང་རང་བྱུང་ཐོན་སྐྱེད་རྣམས་བཤུ་གཞོག་བྱེད་ཀྱིན་འདུག ང་ཚོའི་རང་བྱུང་ཐོན་སྐྱེད་རྣམས་བཙན་འཕྲོག་བྱེད་ཀྱི་ཡོད་པར་ལན་པ་སློག་པའི་ཆེད་དུ་རྒྱ་ནག་གི་ཕྱི་འབྲེལ་དོན་གཅོད་ཁང་ལ་གཏོར་རྒོལ་བྱས་པ་ཡིན་ཞེས་རྒྱུ་མཚན་བགྲངས། རྒྱ་ནག་གིས་པ་ཀི་སི་ཐན་གྱི་བྷ་ལུ་ཆུ་སི་ཐན་སོགས་ལ་མ་རྩ་བཙུགས་ནས་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་རྒྱ་སྐྱེད་གཏོང་གི་ཡོད་པར་ས་གནས་མི་དམངས་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད་པའི་རྣམ་འགྱུར་གསལ་བོར་བསྟན་འདུག ཉམས་ཞིབ་པ་ཚོས་པ་ཀི་སི་ཐན་གྱི་ས་གནས་གཞན་ཁག་ཏུའང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་ལ་ངོ་རྒོལ་བྱེད་ཀྱི་ཡོད་པའམ། ཡང་ན་པ་ཀི་སི་ཐན་གྱི་སྐྱེས་པ་ཚོས་ཞིན་ཅང་གི་ཡུ་གུར་བའི་བུད་མེད་རྣམས་ལ་གཉེན་སྒྲིག་བྱས་ཡོད་པ་མང་དག་ཅིག་ཡོད་ཅིང་། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ཙམ་བཀག་ཉར་བྱས་ཡོད་པར་པ་ཀི་སི་ཐན་གྱི་ཁྱོ་ག་ཚོས་ངོ་རྒོལ་བྱེད་ཀྱིན་འདུག དེར་བརྟེན་པ་ཀི་སི་ཐན་གྱི་ས་ཐོག་ཏུ་རྒྱ་ནག་གིས་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པར་སྲུང་སྐྱོབ་བྱ་ཐུབ་རྒྱུ་ཁག་པོ་ཞིག་ཡིན་སྲིད། རྒྱ་ནག་གིས་པ་ཀི་སི་ཐན་ལ་ཕྱོགས་གང་ཐད་དུ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་རྒྱལ་ཁབ་དེའི་ཁ་ཆེའི་ཆོས་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་པ་ཚོས་ཀྱང་དགའ་མོས་མེད་པའི་རྣམ་འགྱུར་སྟོན་གྱི་འདུག་ཅེས་གླེང་།

རྒྱ་ནག་གིས་པ་ཀི་སི་ཐན་ལ་ཨ་སྒོར་དུང་ཕྱུར་༦༢༠་ལྷག་མ་རྩ་བཙུགས་ནས་བྷ་ལུ་ཆི་སན་ཐན་ལ་དཔལ་འབྱོར་ཤུར་ལམ་ཟེར་པ་ཞིག་འཛུགས་སྐྲུན་གྱིས་ཞིན་ཅང་ནས་པ་ཀི་སི་ཐན་ལ་མེ་འཁོར་ལྕགས་ལམ་དང་རྒྱ་ལམ་མཐུད་རྒྱུ། དེ་ནས་རྒྱ་ནག་ལ་པ་ཀི་སི་ཐན་གྱི་གྷ་ཝ་དྷར་མཚོ་འགྲམ་དུ་གྲུ་ཁ་ཞིག་ཡོད་པ་དེའི་བར་དུ་རྒྱ་ལམ་དང་མེ་འཁོར་ལྕགས་ལམ་གཉིས་ཤར་སྐྱོད་ཐུབ་ཚེ། ཞིན་ཅང་ནས་པ་ཀི་སི་ཐན་བརྒྱུད་དེ་རྒྱ་ནག་གི་དངོས་ཟོག་རྣམས་ཨ་རབ་རྒྱ་མཚོ་བར་དུ་སྐྱེལ་འདྲེན་བྱ་རྒྱུ་སྟབས་བདེ་རུ་འགྲོ་རྒྱུ་དང་། རྒྱ་ནག་གིས་དཀྱིལ་ཤར་ས་ཁུལ་དང་ཨ་རབ་རྒྱལ་ཁབ་ཁག་ལ་དངོས་ཟོག་ཕྱིར་ཚོང་བྱེད་ཀྱི་ཡོད་པའི་སྐྱེལ་འདྲེན་བྱེད་པའི་ལམ་ཐག་དང་ཡུན་ཚད་གཉིས་ཀ་ཇེ་ཐུང་དུ་སོང་སྟེ་འགྲོ་གྲོན་བསྲི་ཚགས་ཐུབ་རྒྱུ། ད་དུང་བྷ་ལུ་ཆི་སི་ཐན་གྱི་ས་ཐོག་ཏུ་གཏེར་ཁ་དང་རང་བྱུང་སོལ་རླངས། རྒྱ་ནག་གི་བཟོ་ལས་ཁག་ལ་མཁོ་ངེས་ཀྱི་ཐོན་སྐྱེད་ཁག་ཅིག་རྙེད་ཀྱི་ཡོད་པར་བརྟེན། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་ལ་པ་ཀི་སི་ཐན་གྱི་བྷ་ལུ་ཆི་སི་ཐན་ཧ་ཅང་གནད་འགག་ཆེན་པོ་ཞིག་ཏུ་གྱུར།

བྷ་ལུ་ཆི་སི་ཐན་གྱི་ཡུལ་མི་ཚོས་པ་ཀི་སི་ཐན་གྱི་དབང་སྒྱུར་ལ་ངོ་རྒོལ་བྱས་ནས་བྷ་ལུ་ཆི་སི་ཐན་རང་བཙན་རྒྱལ་ཁབ་ཅིག་བྱ་རྒྱུའི་འཐབ་རྩོད་བྱེད་ཀྱི་ཡོད་པར་མ་ཟད། ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བན་གྱེན་ལོག་ཤོག་ཁག་གི་འཐབ་མོ་བ་ཁག་ཅིག་ཀྱང་བྷ་ལུ་ཆི་སི་ཐན་གྱི་ས་ཐོག་ཏུ་གཞི་ཚུགས། ཁ་སྔོན་ཕྱི་ཟླ་༣་པར་བྷ་ལུ་ཆི་སི་ཐན་བཅིངས་འགྲོལ་དམག་གིས་རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་ལ་བརྙན་གཟུགས་ཤིག་བཀྲམ་སྟེ་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཀས་བྷ་ལུ་ཆི་སི་ཐན་གྱི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་གཏོང་གི་ཡོད་པ་དང་། བྷ་ལུ་ཆི་སི་ཐན་གྱི་རང་བྱུང་ཐོན་སྐྱེད་རྣམས་བཤུ་གཞོག་བྱེད་ཀྱིན་འདུག ང་ཚོས་བྷ་ལུ་ཆི་སི་ཐན་རང་བཙན་བྱ་རྒྱུའི་འཐབ་རྩོད་བྱེད་བཞིན་ཡོད། རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཀས་བྷ་ལུ་ཆི་སི་ཐན་གྱི་རང་བྱུང་ཐོན་སྐྱེད་བཤུ་གཞོག་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་ཐ་ཚིག་བསྒྲགས།

གཟའ་པ་སངས་ཉིན་ཨ་མིར་ཇན་ཞེས་པའི་པ་ཀི་སི་ཐན་བ་ཞིག་གིས་གསར་འགོད་པ་ཚོར་བཤད་པ་ལྟར་ན་ཁོ་པས་ཀ་ར་ཆི་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་ཕྱི་འབྲེལ་དོན་གཅོད་ཁང་གི་ཉེ་འཁོར་དུ་རླངས་འཁོར་བཀྲུས་ནས་བསྡད་ཡོད། སྔ་དྲོའི་ཆུ་ཚོད་༩་དང་སྐར་༡༥་ཡས་མས་སུ་རང་འགུལ་འཕྲུལ་མདའ་ཐོགས་པའི་མི་གསུམ་གྱིས་རྒྱ་ནག་གི་ཕྱི་འབྲེལ་དོན་གཅོད་ཁང་ལ་གཏོར་རྒོལ་བྱས་སོང་། ཁོ་ཚོས་མེ་མདའ་མ་བརྒྱབ་སྔོན་ལ་མི་གཅིག་གིས་ལག་འབོམ་ཞིག་གཡུགས་སོང་ཞེས་བཤད། པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་ཁུ་རེ་ཤི་ཡིས་རྒྱ་ནག་གི་ཕྱི་འབྲེལ་དོན་གཅོད་ཁང་ལ་གཏོར་རྒོལ་བྱེད་མཁན་གཅིག་གི་ལུས་ལ་འབར་མདེལ་བཏགས་ནས་མདུན་སྒོའི་ཕྱོགས་སུ་བརྒྱུགས་འདུག ཁོ་པའི་རོགས་པ་གཉིས་ཀྱིས་མེ་མདའ་བརྒྱབ་ནས་རྒྱ་ནག་གི་ཕྱི་འབྲེལ་དོན་གཅོད་ཁང་དེའི་ཐོངས་མཆན་སྤྲོད་སའི་ཕྱོགས་སུ་བརྒྱུགས་འདུག་ཅེས་རྒྱལ་ཡོངས་གྲོས་ཚོགས་ལ་སྙན་སེང་ཞུས། པ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་ཁན་གྱིས་གཏོར་རྒོལ་འདིའི་རིགས་ཀྱིས་རྒྱ་ནག་དང་པ་ཀི་སི་ཐན་གྱི་མཛའ་འབྲེལ་ལ་གཏོར་བརླག་བྱེད་ཐུབ་ཀྱི་མ་རེད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་འདུག

XS
SM
MD
LG