ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཞིན་ཅང་གི་མི་རིགས་མཐུན་སྒྲིལ་གྲོང་ཚོ།


༄༅།། རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་ཞིན་ཅང་གི་ཡུ་གུར་བ་ཚོར་དྲག་གནོན་དང་བཙོན་འཇུག ཆབ་སྲིད་ཀྱི་སློབ་གསོ་གཏོང་བར་བཀག་ཉར་བྱས་གནོན་སྡོམ་བྱེད་ཀྱི་ཡོད་ཀྱང་ཕྱོགས་གཞན་དེར་རྒྱ་ནག་གཞུང་གིས་ཞིན་ཅང་གི་གྲོང་གསེབ་ཁག་ཏུ་ཡུ་གུར་བ་ཚོར་ཁང་པ་འཛུགས་སྐྲུན་བྱས་ནས་མི་དམངས་ཀྱི་བློ་སེམས་འགུགས་ཐབས་བྱེད་ཀྱི་ཡོད་ཅིང་། དཔེར་ན་ཏཀ་ལ་མ་ཁན་བྱེ་ཐང་དུ་རྡོ་རྩིག་དཀར་པོ་དང་ལྕགས་ཤོག་གི་ཐོག་ཁེབ་དམར་པོ་ཅན་གྱི་ཁང་པ་གཅིག་འདྲ་རྣམས་འཛུགས་སྐྲུན་གྱིས་གྲོང་ཚོ་དེའི་འཛུལ་སྒོར་ཧོ་ཏན་གྱི་མཐུན་སྒྲིལ་གྲོང་ཚོ་གསར་པར་ཕེབས་པར་དགའ་བསུ་ཞུ་ཞེས་སྒོ་བྱང་བྲིས། བྱེ་ཐང་དེར་ཆགས་པའི་མཐུན་སྒྲིལ་གྲོང་ཚོ་གསར་པའི་ཐོད་དུ་རྒྱ་ནག་གི་རྒྱལ་དར་ཆེན་པོ་ཞིག་བསྒྲེངས་འདུག

མི་རིགས་མཐུན་སྒྲིལ་གྱི་གྲོང་ཚོ་གསར་པའི་གཞིས་ཆགས་པ་རྣམས་རྒྱ་ནག་པ་དང་ཞིན་ཅང་གི་ཡུ་གུར་བ་གཉིས་ཀ་ཡིན་དགོས་ཤིང་། རྒྱ་ནག་གཞུང་གིས་འགྲོ་གྲོན་བཏང་ནས་ཁང་པ་འཛུགས་སྐྲུན་བྱ་དགོས་པའི་དམིགས་ཡུལ་གཙོ་བོ་ནི་རྒྱ་མི་རིགས་དང་ཡུ་གུར་བ་རྣམས་གྲོང་ཚོ་གཅིག་ལ་མཉམ་དུ་འཚོ་གནས་བྱ་རྒྱུ་དང་ལས་རིགས་མཉམ་དུ་གཉེར་རྒྱུ། ཁོ་ཚོའི་བུ་ཕྲུག་རྣམས་སློབ་གྲྭ་གཅིག་ལ་བཏང་ནས་ཤེས་ཡོན་མཉམ་དུ་སློབ་རྒྱུ། མ་འོངས་པར་ཞིན་ཅང་གི་ཡུ་གུར་བ་དང་རྒྱ་མི་རིགས་གཉིས་མི་རིགས་ཀྱི་འགལ་ཟླ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་པར་ཞི་བདེ་མཉམ་གནས་ཐུབ་རྒྱུ། ། ཞིན་ཅང་གི་ཟིང་འཁྲུག་དང་སྤྱི་ཚོགས་ལ་བདེ་འཇགས་མེད་པའི་འབྱུང་རྩ་ནི་འཇིགས་སྐུལ་རིང་ལུགས་པ་དང་ཁ་བྲལ་རིང་ལུགས་པ་ཉུང་ཤས་ཤིག་ལ་ཐུག་ཡོད། ཞིན་ཅང་གི་ཡུ་གུར་བ་རྒྱ་ཆེའི་མང་ཚོགས་ཀྱིས་ཁ་བྲལ་ལ་ངོ་རྒོལ་དང་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ། ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་བཅས་ལ་ངོ་རྒོལ་བྱས་ཏེ་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཞིན་ཅང་གི་མདུན་ལམ་ནི་མི་རིགས་མཐུན་སྒྲིལ་གྱི་གྲོང་ཚོ་གསར་པ་ལྟ་བུ་ཞིག་ཡིན་དགོས་པའི་དམིགས་ཡུལ་འཆང་ཡོད་པ་རེད།

འོན་ཀྱང་རྒྱ་ནག་གཞུང་གིས་འཛུགས་སྐྲུན་བྱས་པའི་ཞིན་ཅང་གི་མི་རིགས་མཐུན་སྒྲིལ་གྱི་གྲོང་ཚོ་གསར་པའི་ངོ་གདོང་ལ་ཞིབ་པར་བལྟས་ན་མི་རིགས་མཐུན་སྒྲིལ་གྱི་སྣང་བརྙན་དེར་མི་རིགས་འདྲ་མཉམ་མེད་པ་དང་ཐོབ་ཐང་འདྲ་མཉམ་མེད་པ། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བའི་ཆོས་དང་རིག་གཞུང་། མི་རིགས་དང་སྐད་ཡིག་བཅས་པ་སྣུབ་ཀྱི་ཡོད་པའི་ངོ་གདོང་གསལ་བོར་མཐོང་ཐུབ་པ་སྟེ། ཉེ་བའི་ལོ་ངོ་རེ་ཟུང་ཞིག་བྱས་ནས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ཙམ་བཀག་ཉར་གྱིས་རྒྱ་ནག་དང་རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་དྲིན་དྲན་བསམ་ཤེས་བྱ་དགོས། རྒྱ་ནག་རྒྱལ་ཁབ་དང་རྒྱ་མི་རིགས་ལ་དགའ་མོས་བྱ་དགོས། ཡུ་གུར་བ་ཚོ་རྒྱ་ནག་གི་སྤྱི་དམངས་ཡིན་པའི་འདུ་ཤེས་འཛིན་དགོས། ཞིན་ཅང་གི་ཡུ་གུར་བ་ཚོས་རང་གི་སྐད་ཡིག་ལས་ཀྱང་རྒྱ་ཡིག་རྒྱ་སྐད་གཙིགས་སུ་འཛིན་དགོས་ཞེས་ཆབ་སྲིད་ཀྱི་སློབ་གསོ་གཏོང་གི་ཡོད་ཀྱང་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གཞུང་གིས་ཞིན་ཅང་བཀག་ཉར་ཁང་རྣམས་ལག་ཤེས་སློབ་གྲྭ་ཡིན། ཡུ་གུར་བ་ཚོར་ལག་ཤེས་སློབ་པ་དང་སྐད་ཡིག་བསླབས་ནས་ལས་ཀ་དང་འཚོ་བའི་གོ་སྐབས་ཡག་ཏུ་གཏོང་གི་ཡོད་ཅེས་མགོ་སྐོར་གཏོང་གི་ཡོད་པ་རེད།

ད་དུང་རྒྱ་ནག་གཞུང་གིས་འཛུགས་སྐྲུན་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་གྲོང་ཚོ་གསར་པར་རྒྱ་མི་རིགས་ཀྱི་ཁྱད་ཆོས་མཚོན་པའི་ཚོན་རྩིས་དམར་པོ་བྱུགས་པ་དང་ཡུ་གུར་མི་རིགས་ཀྱི་ཁྱད་ཆོས་མཚོན་པའམ། ཡང་ན་ཞིན་ཅང་གི་ཡུ་གུར་བ་ཚོར་ཕྱག་འཚལ་ས་དང་ཁ་འདོན་བྱ་ཡུལ་ལྷ་ཁང་གཅིག་ཀྱང་མི་རྙེད། མི་རིགས་མཐུན་སྒྲིལ་གྲོང་ཚོ་གསར་པར་ཡུ་གུར་མི་རིགས་ཀྱི་རྣམ་པ་མཚོན་པའི་པར་རིས་འབའ་ཞིག་ཡོད་པ་ནི་ཡུ་གུར་བ་ཚོས་རྒྱ་ནག་གི་རྒྱལ་དར་འཕྱར་ཡོད་པ་དང་སྲིད་འཛིན་ཞིས་ཅིན་ཕིང་མཐའ་བསྐོར་ཏེ་ཡུ་གུར་བ་དེ་དག་གི་གདོང་ནས་འཛུམ་མདངས་འཕྲོས་ཡོད་པ་ཞིག་མ་གཏོགས་ཅི་ཡང་མཐོང་རིག་མེད་ཅིང་། གྲོང་ཚོ་དེའི་གཞུང་ལམ་ཁག་ཏུ་རྒྱ་ཕྲུག་དང་ཡུ་གུར་བའི་བུ་ཕྲུག་རྣམས་མཉམ་དུ་འདུས་ཀྱང་ཡུ་གུར་བའི་བུ་ཕྲུག་དེ་དག་གིས་རྒྱ་སྐད་བཤད་ནས་གོ་བརྡ་སྤྲོད་དགོས་པ་ལས། རྒྱ་ཕྲུག་དེ་ཚོས་ཞིན་ཅང་གི་ཡུ་གུར་བའི་སྐད་ཡིག་བཤད་པ་དང་གོ་ཐབས་བྱེད་པ་སོགས་ཀྱི་འབད་པ་ཕྲ་མོ་ཙམ་ཡང་བྱེད་ཀྱིན་མི་འདུག ཡུ་གུར་བའི་བུ་མོ་ན་གཞོན་མ་ཚོར་རྒྱ་ནག་གཞུང་གིས་ནུབ་ལྭ་གྱོན་དགོས་པའི་སྐུལ་ལྕག་གཏོང་བ་དང་མགོ་རས་དཀྲི་བ་དང་གདོང་འཁེབ་རྒྱག་པ་སོགས་ཁ་ཆེའི་སྲོལ་རྒྱུན་གྱི་ཆ་ལུགས་འཛིན་རྒྱུ་དེར་བཀག་འགོག་བྱེད་ཀྱིན་འདུག་ཅེས་གསར་འགོད་པས་གནས་ཚུལ་སྤེལ་འདུག

༢༠༡༤་ལོ་ནས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ས་གནས་ཁག་ཏུ་མི་རིགས་མཐུན་སྒྲིལ་གྱི་གྲོང་ཚོ་གསར་པ་འཛུགས་སྐྲུན་བྱས་ནས་རྒྱ་ནག་པ་ཚོར་དཔལ་འབྱོར་གྱི་ཁེ་ཕན་གང་ལེགས་སྤྲད་ནས་ཞིན་ཅང་ལ་གནས་སྤོར་བྱེད་དུ་འཇུག་གི་ཡོད་པར་མ་ཟད། ཞིན་ཅང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་སྔོན་མ་ཀྲང་ཁྲུན་ཤན་གྱིས་ཞིན་ཅང་ལ་མི་རིགས་མཐུན་སྒྲིལ་གྱི་ཁང་པ་གསར་པ་སྟོང་ཕྲག་༥་ནས་ཁྲི་ཚོ་༡་ཡས་མས་ཤིག་འཛུགས་སྐྲུན་བྱ་རྒྱུ་འགོ་ཚུགས། དེ་ནས་ཞིན་ཅང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ལས་ཐོག་ཁྲེན་ཆོན་གོས་བོད་རང་སྐྱོང་ལྗོངས་སུ་ལག་ལེན་བསྟར་པའི་གདུག་རྩུབ་ཀྱི་སྲིད་ཇུས་རྣམས་ཞིན་ཅང་ལ་ཁ་སྣོན་བརྒྱབ། ཁྲེན་ཆོན་གོས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་བཙོན་ར་ཆེན་པོ་ཞིག་དང་ཉེན་རྟོག་པའི་ཡུལ་ལུང་ཞིག་ཏུ་བསྒྱུར། ཞིན་ཅང་གི་ཡུ་གུར་བ་དང་ཕྱི་རྒྱལ་ན་ཡོད་པའི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་མི་རིགས་མཐུན་སྒྲིལ་གྱི་གྲོང་ཚོ་གསར་པ་རྣམས་ཡུ་གུར་མི་རིགས་ཀྱི་ངོ་བོ་བསྣུབ་རྒྱུའི་ཐབས་ཇུས་ཤིག་དང་ཞིན་ཅང་གི་ཡུ་གུར་བ་རྣམས་རྒྱ་མི་རིགས་ཀྱི་གྲས་སུ་མཉམ་བསྲེས་བྱས་ནས་ཐིམ་དུ་འཇུག་ཐབས་ཤིག་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG