ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ནན་སི་པེ་ལོ་སི་སླར་ཡང་ཚོགས་གཙོར་གདམ་སྲིད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། འདི་ལོའི་ཟླ་བ་༡༡་པར་ཨ་མི་རི་ཀའི་བར་མའི་འོས་བསྡུའི་རྗེས་སུ་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་དམངས་གཙོ་ཚོགས་པར་འཐུས་མི་གྲངས་མང་གི་རྒྱལ་ཁ་ཐོབ། དམངས་གཙོ་སྲིད་དོན་ཚོགས་པའི་འཐུས་མི་ཚོས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་བསྐོ་རྒྱུའི་དུས་ལ་བབས་ཡོད་ཅིང་། བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་༡༦་གིས་ཚོགས་གཙོ་ཟུར་པ་ལྕམ་པེ་ལོ་སི་ནི་འགོ་ཁྲིད་ཀྱི་ནུས་པ་ལྡན་པ་ཡིན་ཡང་སྲིད་དོན་ཚོགས་པའི་གཅིག་སྒྲིལ་དང་མ་འོངས་པའི་མདུན་ལམ་ལ་དམིགས་ནས་འགོ་ཁྲིད་གསར་པ་ཞིག་བསྐོ་བཞག་བྱ་དགོས་ཀྱིན་འདུག དེར་བརྟེན་ལྕམ་པེ་ལི་སི་སླར་ཡང་ཚོགས་གཙོ་གདམ་རྒྱུ་དེར་མོས་མཐུན་མེད་པའི་འཐུས་མི་གསར་པ་ཚོས་ཐུན་མོང་གི་ཕྱག་བྲིས་བཏང་ཡོད་པ་རེད། འོན་ཀྱང་དམངས་གཙོ་ཚོགས་པའི་ནང་ཁུལ་དུ་གྲོས་མོལ་དང་འགྲིག་འཇགས་གནང་སྟེ་ལྕམ་པེ་ལོ་སི་སླར་ཡང་ཚོགས་གཙོར་འདེམས་ཐོན་ཐུབ་རྒྱུའི་གདེང་ཚོད་ཆེ་རུ་ཕྱིན་འདུག

ལྕམ་པེ་ལོ་སི་དང་དམངས་གཙོ་ཚོགས་པའི་འཐུས་མི་སི་ཊེ་ཎི་ཧོ་ཡེར། ཇཱེམ་སི་ཁེ་ལི་བྷན་བཅས་ནི་གྲོས་ཚོས་འཐུས་མི་རྒན་རབས་པ་གསུམ་ཡིན་ཞིང་། ཁོང་རྣམས་ལོ་ན་༨༠་ཡས་མས་སུ་ཟིན་ཡོད་པས་ཚོགས་གཙོའི་ཐུགས་འགན་བཞེས་དཀའ། ད་ལོའི་འོས་འདེམས་ནང་དུ་དམངས་གཙོ་ཚོགས་པར་འཐུས་མི་གསར་པ་ལོ་ན་གཞོན་པ་མང་པོ་ཞིག་འདེམས་བྱུང་ཡོད་པས་ལོ་ན་གཞོན་པ་ཚོར་གོ་སྐབས་སྤྲོད་དགོས་ཞེས་ཐུན་མོང་གི་ཕྱག་བྲིས་དེར་བཀོད། དམངས་གཙོ་ཚོགས་པའི་ནང་ཁུལ་དུ་ཚོགས་གཙོ་བསྐོ་བཞག་ཐད་དུ་འགལ་ཟླ་ཡོད་མཁན་ཚོས་འགོ་ཁྲིད་གསར་པ་ཞིག་བསྐོ་འདོད་བྱེད་ཀྱི་ཡོད་ཀྱང་འགོ་ཁྲིད་ལ་བསྐོ་བཞག་འོས་པའི་འཐུས་མི་མེད་པ་བརྟེན། ཁོང་ཚོའི་ཆབ་སྲིད་ཀྱི་དམིགས་ཡུལ་མངོན་དུ་གྱུར་མེད་པ་རེད།

ཨ་རིའི་གྲོས་ཚོགས་འོག་མར་འོས་འདེམས་བྱས་པའི་དམངས་གཙོ་ཚོགས་པའི་འཐུས་མི་དགའ་མོས་ཆེ་ཤོས་བྱ་ཡུལ་ཏེ། གྲོས་ཚོགས་འཐུས་མི་ལོ་ན་ཆུང་ཤོས་ནི་རང་ལོ་༢༩་ལ་སོན་པའི་ཀོར་ཊེ་ཟི་ཞེས་པ་ཡིན་པས་འཐུས་མི་དེས་ལྕམ་པེ་ལོ་སི་ལ་རྒྱབ་སྐྱོར་བྱས་འདུག ཕྱོགས་གཞན་ཞིག་ནས་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་འཐུས་མི་མར་ཤ་ཧྥ་ཇཱེས་གྲོས་ཚོགས་འོག་མའི་ནང་དུ་ཚོགས་གཙོའི་འོས་མིར་ཁ་གཏད་པ་ཞིག་བཞེང་དགོས་ཞེས་ནན་བརྗོད་བྱས་པར་མ་ཟད། ཁོ་པ་རང་ཉིད་ལྕམ་པེ་ལོ་སིའི་ཁ་གཏད་དུ་གྲོས་ཚོགས་ཀྱི་ཚོགས་གཙོར་བཞེང་འདོད་ཡོད་པའི་གསལ་བསྒྲགས་སྤེལ། འོན་ཀྱང་དམངས་གཙོ་ཚོགས་པའི་ནང་ཁུལ་དུ་འགྲིག་འཇགས་བྱུང་བའི་རྗེས་སུ་མར་ཤ་ཧྥ་ཇཱེས་ལྕམ་པེ་ལོ་སི་ལ་རྒྱབ་སྐྱོར་གནང་རྒྱུ་ཁས་ལེན་གནང་འདུག

གལ་སྲིད་ཨ་རིའི་གྲོས་ཚོགས་འོག་མར་ཁྱོན་བསྡོམས་འཐུས་མི་༤༣༥་ཡོད་པ་ཡོངས་རྫོགས་ཀྱིས་ཚོགས་གཙོའི་གདན་ཐོབ་ལ་འོས་ཤོག་འཕང་ཚེ། ལྕམ་པེ་ལོ་སི་ཚོགས་གཙོར་འདེམས་ཐོན་འབྱུང་བར་འོས་ཤོག་༢༡༨་འཐོབ་དགོས། ཨ་རིའི་གསར་ལམ་ཁག་གིས་མི་དམངས་ཀྱི་བསམ་ཚུལ་བསྡུ་ལེན་ཚན་པ་ཞིག་གིས་ཚོད་དཔག་བྱས་པ་ལྟར་ན་དམངས་གཙོ་ཚོགས་པར་གདན་༢༣༣་ཡོད་པའི་ཁོངས་ནས་ལྕམ་པེ་ལོ་སི་ལ་འོས་ཤོག་མི་འཕེན་མཁན་འཐུས་མི་༡༥་ཙམ་བྱུང་བའི་དབང་དུ་བཏང་རུང་དེས་གནོད་སྐྱོན་གཏོང་ཐུབ་ཀྱི་མེད་པ་རེད།།

XS
SM
MD
LG