ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྨ་ཆུ་ཟི་ལིང་དུ་འདྲེན་འཆར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཐག་གཅོད་འོག་ཏུ་རྨ་ཆུ་ཟི་ལིང་གྲོང་ཁྱེར་དུ་འདྲེན་རྒྱུའི་ལས་གཞི་ཞིག་གི་འགོ་ཚུགས་འདུག རྨ་ཆུ་ཟི་ལིང་གྲོང་ཁྱེར་དུ་འདྲེན་རྒྱུའི་ལས་གཞིའི་འདིའི་ཆེད་དུ་ད་ལོའི་ཟླ་བ་༩་པའི་་ཟླ་མཇུག་ནས་བཟུང་སྟེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ལས་གཞི་འདི་ལག་བསྟར་བྱེད་མཁན་གྱི་འགོ་ཁྲིད་ཚོགས་ཆུང་ཤིག་བཙུགས་ཤིང་། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་འཁོད་འདུག་པ་ལྟར་ན་ལོ་འདིའི་ཕྱི་ཟླ་༩་ཚེས་༢༨་ཉིན་མཚོ་སྔོན་ཞིང་ཆེན་གྱི་ཆུ་དང་འབྲེལ་བའི་སྡེ་ཚན་དག་གིས་ལས་གཞི་འདི་བསྒྲུབ་རྒྱུའི་སྔོན་འགྲོའི་ཚོགས་འདུ་ཚོགས། རྒྱ་ནག་གི་ཆུའི་ཐོན་ཁུངས་བེད་སྤྱོད་ཐད་ཀྱི་ཆེད་མཁས་པ་ཚོས་རྨ་ཆུ་ཟི་ལིང་དུ་འདྲེན་རྒྱུའི་འཆར་གཞི་དང་རྨང་གཞིའི་འཛུགས་སྐྲུན་གྱི་འཆར་འགོད་ལ་བསྐྱར་ཞིབ་བྱས་ཡོད་པ་རེད།

ད་ལྟའི་ཆུ་འདྲེན་གྱི་ལས་གཞི་འདི་ནི་རྒྱ་གཞུང་གི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཆུ་འདྲེན་བཟོ་སྐྲུན་གྱི་འཆར་འགོད་འོག་ཏུ་ལག་བསྟར་བྱེད་བཞིན་པ་ཞིག་ཡིན་པར་མ་ཟད། ད་ལྟའི་ཟི་ལིང་གྲོང་ཁྱེར་གྱི་འཛུགས་སྐྲུན་འཆར་འགོད་གཞིར་བཟུང་ན་ད་ལྟའི་ཆུའི་ཐོན་ཁུངས་ཀྱིས་མ་འོངས་པའི་ཟི་ལིང་གྲོང་ཁྱེར་གྱི་ཆུ་བེད་སྤྱོད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད་པས་རྨ་ཆུ་ཟི་ལིང་ས་ཁུལ་དུ་འདྲེན་དགོས་པར་བཤད་འདུག གཞན་ཡང་མཚོ་སྔོན་ཞིང་ཆེན་དམར་ཤོག་ཚོགས་པའི་འགོ་ཁྲིད་ཞིག་གིས་རྨ་ཆུ་ཟི་ལིང་དུ་འདྲེན་དགོས་པའི་རྒྱུ་མཚན་འགྲེལ་བཤད་བྱས་པ་ལྟར་ན་མ་འོངས་པར་ཟི་ལིང་དང་དེའི་ཁོར་ཡུག་གི་རི་ཆུ་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ། དེར་བརྟེན་ཟི་ལིང་དང་ལན་ཀྲུག་གྲོང་ཁྱེར་རྒྱུད་ཀྱི་མི་རྣམས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་རམ་འདེགས་སྒྲུབ་ཐུབ་ཅེས་རྒྱུ་མཚན་བཀོད། རྨ་ཆུ་དང་འབྲི་ཆུ། རྫ་ཆུ་སོགས་བོད་ཀྱི་གཙང་པོ་ཁག་ནི་རྒྱ་ནག་གི་ཆུ་དང་གློག་གི་ཐོན་ཁུངས་གཙོ་བོ་ཡིན་པའི་སྟབས་ཀྱིས་རྒྱ་གཞུང་གིས་ཆུ་བོ་འདི་དག་གི་རྒྱུད་ཀྱི་བོད་ས་ཁག་ཏུ་གློག་འདོན་པའི་ཆེད་དུ་ཆུ་མཛོད་མང་པོ་བརྒྱབ་སྟེ་ཆུ་བོ་ཁ་སྒྱུར་གྱིི་ལས་གཞི་མང་པོ་གཉེར་པས་བོད་ཀྱི་རང་བྱུང་གི་སྐྱེ་ཁམས་མ་ལག་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཀྱི་ཡོད་ཅིང་། གལ་སྲིད་ས་འགུལ་དང་ཆུ་ལོག་སོགས་རང་བྱུང་གི་གནོད་པ་ཚབས་ཆེན་བྱུང་ན་ཆུ་མཛོད་དེ་དག་གི་རགས་ཁ་འཆོར་རྒྱུའི་ཉེན་ཁ་ཆེ། ཉེན་ཁ་དེའི་འོག་ཏུ་བོད་ཀྱི་ས་ཁུལ་མང་ཆེར་ཆུའི་གནོད་སྐྱོན་ཆེན་པོ་ཐེབས་རྒྱུའི་ཉེན་ཁ་ཡོད་པ་རེད།

ད་ལྟ་རྒྱ་ནག་གཞུང་གིས་རྨ་ཆུ་ཟི་ལིང་དུ་འདྲེན་རྒྱུའི་ལས་གཞི་འགོ་འཛུགས་སའི་ཟི་ལིང་གྲོང་ཁྱེར་གྱི་ས་ཁུལ་ནི་སྔོན་ཆད་བོད་ཀྱི་ཙོང་ཁ་རྒྱལ་རྒྱུད་ཀྱི་དབང་སྒྱུར་ས་ཁུལ་ཡིན་ཞིང་། ས་ཆ་འདི་མདོ་ཁམས་ཀྱི་རི་བོ་མིང་གྲགས་ཅན་ཙོང་ཁའི་དཀྱིལ་རི་དང་ཉེ་སར་ཡོད། ཙོང་ཆུ་ཡང་གྲོང་ཁྱེར་འདིའི་རྒྱུད་དུ་འབབ་ཀྱི་ཡོད་པས་ས་ཁུལ་འདིར་ཙོང་ཁ་བདེ་ཁམས་ཞེས་འབོད་སྲོལ་དར། གྲོང་ཁྱེར་གྱི་ཉེ་སར་སྐུ་འབུམ་བྱམས་པ་གླིང་དང་ཤ་བ་རི་རྫོང་། བྱང་གི་དགོན་ཆེན་བཞི་སོགས་དགོན་ཆེན་ཁག་དང་སྐུ་འབུམ་ཚོ་དྲུག་སོགས་བོད་སྡེ་མང་པོ་ཡོད་ཀྱང་ས་ཆ་འདི་རྒྱ་བོད་གཉིས་ཀྱི་ས་མཚམས་ཡིན་པས་དེང་སྐབས་རྒྱ་ནག་པ་དང་ཁ་ཆེ་མང་སའི་གྲོང་ཁྱེར་ཞིག་ཏུ་གྱུར། རྒྱ་ནག་གི་གཞུང་འབྲེལ་རྩིས་ཐོ་ལྟར་ན་ཟི་ལིང་གྲོང་ཁྱེར་དུ་གཏན་སྡོད་བྱེད་བཞིན་ཡོད་པའི་མི་གྲངས་ས་ཡ་གཉིས་དང་འབུམ་གསུམ་ལྷག་ཡོད་པའི་གྲས་སུ་བོད་པའི་མི་འབོར་འབུམ་གཅིག་དང་ཁྲི་ཚོ་གཉིས་ལྷག་དང་རྒྱ་ཁ་ཆེ་བ་འབུམ་གསུམ་དང་ཁྲི་བདུན་ཡོད་ཅིང་། སྤྱིར་མཚོ་སྔོན་ཞིང་ཆེན་ཁོངས་སུ་བོད་རིགས་རང་སྐྱོང་ཁུལ་དྲུག དཔའ་ལུང་དང་ཞུང་ཧྭ་སོགས་ཀྱི་བཅས་སུའང་བོད་རིགས་རང་སྐྱོང་ཡུལ་ཚོ་མང་པོ་ཡོད་པ་བཅས་མཚོ་སྔོན་གྱི་ས་ཆ་མང་ཆེ་བ་ཞིག་ནི་བོད་མི་འདུས་སྡོད་བྱ་ཡུལ་ཡིན་ནོ།

XS
SM
MD
LG