ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

དབྱུང་ཧེ་གུང་གི་རྣམ་པ་སླར་གསོ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕྱག་བཏབ་པའི་དབྱུང་ཧེ་གུང་ངམ། བོད་སྐད་དུ་དགའ་ལྡན་བྱིན་ཆགས་གླིང་དུ་གྲགས་པའི་དགོན་པའི་ཉེ་འཁོར་དུ་རྒྱ་མི་རིགས་ཀྱི་སྲོལ་རྒྱུན་མཚོན་པའི་ལྒང་ཞུ་དམར་པོ་བཀལ་བ་དང་བོད་པའི་སྲོལ་རྒྱུན་མཚོན་པའི་ཀླུང་རྟ་བཙུགས་ཏེ་དར་ལྕོག་འཐེན་པའི་ཚོང་ཁང་དང་ཟ་ཁང་། ཇ་སོགས་འཚང་ཁ་ཤིག་ཤིག་ཡོད་པའི་ས་གནས་དེ་ཉིད་རྒྱ་བོད་ཧོར་གྱི་མི་མང་ཁག་ཅིག་གིས་འཚོ་ཐབས་འཚོལ་ཡུལ་གཙོ་བོ་ཞིག་ཡིན་པར་མ་ཟད། དབྱུང་ཧེ་གུང་ནི་པེ་ཅིང་ལ་ལྟ་སྐོར་དུ་སླེབས་པའི་རྒྱལ་ཁབ་ཕྱི་ནང་གཉིས་ཀྱིས་འགྲུལ་བ་རྣམས་ངེས་པར་དུ་མཆོད་མཇལ་དང་ལྟ་སྐོར་དུ་ཡོང་ས་གཙོ་བོ་ཞིག་ཀྱང་ཡིན་མོད། འོན་ཀྱང་ད་ལྟ་རྒྱ་ནག་གཞུང་གིས་པེ་ཅིང་གྲོང་ཁྱེར་དང་དབྱུང་ཧེ་གུང་གི་ཉེ་འཁོར་གྱི་གནའ་བོའི་སྲོལ་རྒྱུན་གྱི་ཁྱད་ཆོས་རྣམས་སླར་གསོ་བྱེད་ཀྱིན་ཡོད་ཅེས་བསྒྲགས་ཏེ་དབྱུང་ཧེ་གུང་གི་ཉེ་འཁོར་གྱི་སྲང་ལམ་ཁག་གི་ཚོང་ཁང་དང་ཟ་ཁང་། ཇ་ཁང་རྣམས་བཤིག་འགོ་ཚུགས། ས་ཁུལ་དེའི་མི་མང་ཚོས་རྒྱ་ནག་གཞུང་གིས་གནའ་བོའི་སྲོལ་རྒྱུན་གྱི་རྣམ་པ་གཅེས་འཛིན་བྱེད་ཀྱི་ཡོད་ཅེས་ཁ་གཡང་སྒྲོགས་ནས་མི་མང་གི་ས་ཁང་འཕྲོག་རྒྱུའི་ཐབས་ཇུས་ཤིག་ལག་ལེན་བསྟར་གྱིན་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

དཔེར་ན་དབྱན་ཧུང་ཟེར་པའི་རྒྱ་མོ་ན་གཞོན་མ་ཞིག་གིས་ངས་ལོ་བཅུ་ཕྲག་གཅིག་གི་སྔོན་ནས་དབྱུང་ཧེ་གུང་གི་ཉེ་འཁོར་གྱི་སྲང་ལམ་ཞིག་ཏུ་སྐྲ་ཁང་ཞིག་སྒོ་ཕྱེ་ནས་ཚོང་ལས་གཉེར་པ་ཡིན། ཉིན་ཞིག་གི་ཞོགས་པ་སྔ་པོར་འཛུགས་སྐྲུན་ལས་མི་ཚོ་ཡོང་སྟེ་ངའི་སྐྲ་ཁང་གི་ཤེལ་སྒོ་བཅགས་ནས་ཁང་པ་བཤིག་འགོ་ཚུགས་སོང་། ངས་ལས་མི་ཚོར་ཁྱེད་ཚོས་ང་ཡར་ལངས་ཏེ་གདོང་པ་ཞིག་བཀྲུ་བར་སྒུག་ཐུབ་ས་རེད་དམ། ཁྱེད་ཚོས་ཁང་པ་བཤིག་རྒྱུ་ཅུང་ཙམ་དལ་དུ་གཏོང་ཐུབ་ས་རེད་དམ་ཞེས་ཞུ་བ་འཐེན་པ་ཡིན། འོན་ཀྱང་འཛུགས་སྐྲུན་ལས་མི་ཚོས་སྐྲ་ཁང་གཏོར་བཤིག་གཏོང་རྒྱུ་མཚམས་འཇོག་མི་ཐུབ་པ་དང་མཚམས་འཇོག་ཀྱང་བྱེད་ཀྱིན་མི་འདུག ཁོ་ཚོས་སྐྲ་ཁང་གི་སྒོ་དང་སྒེའུ་ཁུང་བཤིག་ཀྱང་ངས་སྐྲ་ཁང་ནང་དུ་སྔར་བཞིན་མིའི་སྐྲ་བཞར་པ་དང་སྐྲ་བཀྲུས་པ། སྐྲ་ལ་ཚོན་རྩི་བྱུགས་ནས་ཚོང་ལས་གཉེར་པ་ཡིན། མཚམས་ཤིག་ལ་ངའི་སྐྲ་ཁང་གི་སྒོ་དང་སྒེའུ་ཁུང་ཡོད་སར་སོ་ཕག་བརྩིགས་ནས་མི་རྣམས་འགྲོ་འོང་བྱེད་མི་ཐུབ་པ་དང་དཀར་ཆ་ཡོང་ས་མེད་པར་བཏང་སོང་ཞེས་བཤད་འདུག

ཟླ་བ་གཅིག་གི་རྗེས་སུ་དབྱུང་ཧེ་གུང་གི་ཉེ་འཁོར་གྱི་ཁང་པ་རྣམས་གཏོར་བཤིག་བཏང་ཚར་རྒྱུ་ཡིན་ཞིང་། དེ་དུས་དགོན་པ་དེའི་རྣམ་པ་ནི་སྔར་བཞིན་རང་སོར་ཆུད་པའམ། མ་མཐའ་ཡང་དུས་རབས་༡༩་པའི་མཇུག་གི་དབྱུང་ཧེ་གུང་གི་རྣམ་པ་དེ་ཉིད་རང་སོར་ཆུད་ཐུབ་སྲིད། རྒྱ་ནག་གཞུང་གིས་གཏོར་བཤིག་བཏང་བའི་ཁང་པ་མང་ཆེ་བ་ནི་སྤོས་བཙོང་ས་དང་རྒྱན་ཆ་བཙོང་ས། ཐང་ག་སོགས་སྐུ་གསུང་ཐུགས་རྟེན་གྱི་མཆོད་རྫས་ཚོང་ས་ཁག་ཡིན་ཞིང་། པེ་ཅིང་གྲོང་ཁྱེར་གྱི་སྤྱི་ཁྱབ་ཁྲེན་ཅི་ནིང་གིས་ང་ཚོས་གཟབ་ནན་གྱི་སྒོ་ནས་པེ་ཅིང་གྲོང་ཁྱེར་གྱི་གནའ་བོའི་སྲོལ་རྒྱུན་གྱི་རྣམ་པ་སོར་ཆུད་ཡོང་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད། གནའ་ཤུལ་ཁག་གི་གསང་སྤྱོད་དང་ཁྲུས་ཁང་སོགས་ཀྱི་མཐུན་རྐྱེན་ཡག་ཏུ་གཏོང་རྒྱུ་གནད་འགག་ཆེན་པོ་ཡིན་ཞེས་བཤད་ཀྱང་རྒྱ་ནག་གཞུང་གིས་དབྱུང་ཧེ་གུང་གི་ཉེ་འཁོར་དུ་ཚོང་ལས་ཆུང་ཚགས་གཉེར་ནས་འཚོ་ཐབས་འཚོལ་བཞིན་པའི་མི་མང་དེ་དག་བདེ་སྡུག་དང་མ་འོངས་པར་མི་མང་དེ་ཚོས་འཚོ་བ་ཇི་ལྟར་སྐྱེལ་དགོས་མིན། ད་ནས་མི་མང་དེ་དག་གང་དུ་འཚོ་གནས་བྱ་དགོས་མིན་གྱི་དཀའ་ངལ་ལ་བསམ་བློ་གཏན་ནས་བཏང་མེད་ཅིང་། ཉམས་ཞིབ་པ་མང་པོ་ཞིག་གིས་རྒྱ་ནག་གི་ས་གནས་འགོ་ཁྲིད་ཚོ་དང་འཛུགས་སྐྲུན་ལས་ཁང་ཁག་མཐུན་གྱིས་མི་མང་གི་ས་ཁང་རྣམས་འཕྲོག་ཐབས་བྱེད་ཀྱི་ཡོད་སྲིད་པའི་དོགས་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG