ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་པ་དང་བོད་དོན་རྒྱབ་སྐྱོར་པ་ཚོས་རྒྱ་རི་རིན་པོ་ཆེར་མྱ་ངན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅། འཛམ་གླིང་གི་ས་ཁུལ་གང་སར་གནས་འཁོད་བོད་པ་དང་བོད་དོན་རྒྱབ་སྐྱོར་པ་ཚོས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བཅའ་སྡོད་༧གོང་ས་ཏཱ་བླའི་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་དང་། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཟུར་པ་རྒྱ་རི་རིན་པོ་དམ་པ་དེ་ཉིད་ལ་མྱ་ངན་དང་མཆོད་འབུལ་བྱེད་བཞིན་ཡོད་པའི་སྐོར། རིག་འཛིན་གྱིས་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།།

རྒྱ་རི་རིན་པོ་ཆེར་ཕུལ་བའི་མྱ་ངན་ཞུ་ཚིག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་དང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཟུར་པ་རྒྱ་རི་བློ་གྲོས་རྒྱལ་མཚན་ཉེ་ཆར་སྤྱི་ཟླ་༡༠་པའི་ཚེས་༢༩་ཉིན་སྐུ་གཤེགས་པར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མི་སྣ་དང་བོད་ཀྱི་དགེ་རྒན་ཆེན་མོ་འགའ། ཉམས་ཞིབ་པ་དང་རྒྱ་རིགས་རྩོམ་པ་སོགས་ཀྱིས་དམ་པ་དེ་ཉིད་ལ་མྱ་ངན་དང་རྗེས་དྲན་གྱི་རྩོམ་ཡིག་སྤེལ་འདུག

ཁ་སང་གཟའ་ལྷག་པའི་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་གཞུང་འབྲེལ་མི་སྣ་ཞིག་གིས་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་བློ་གྲོས་རྒྱལ་མཚན་སྐུ་གཤེགས་པའི་གནས་ཚུལ་གོ་ཐོས་བྱུང་བར་ང་ཚོས་གདུང་ཤུགས་དྲག་པོས་མྱ་ངན་བྱེད་ཀྱིན་ཡོད། རྒྱ་རི་བློ་གྲོས་རྒྱལ་མཚན་གྱི་མི་ཚེ་ཧྲིལ་བོ་བོད་ཀྱི་དམངས་གཙོ་དང་རྩ་དོན། ཆོས་ལུགས་དད་མོས་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་གྱི་ཆེད་དུ་བསྔོས། དེ་རིང་ང་ཚོས་དམ་པ་དེ་ཉིད་ཀྱིས་བོད་ཀྱི་ཡར་རྒྱས་ཆེད་དུ་བློས་གཏོང་དང་འབད་བརྩོན་ལྷོད་མེད་གནང་བར་རྗེས་དྲན་ཞུ་རྒྱུ་ཡིན། ཁོང་གི་བཟའ་མི་རྣམས་ལའང་ལྷག་བསམ་རྣམ་དག་གིས་སེམས་གསོ་ཞུ་ཡི་ཡོད། མི་ཚང་མའི་དྲན་ཡུལ་དུ་དམ་པ་དེ་ཉིད་གཅེས་ཉར་བྱ་ངེས་ཡིན་ཞེས་འཁོད་འདུག

ཁེ་ན་ཌའི་བྷི་རི་ཊི་ཤི་ཀོ་ལིམ་བྷི་ཡ་སློབ་ཆེན་གྱི་ཉམས་ཞིབ་པ་ཚེ་རིང་ཤྰཀྱས་རང་གི་ངོ་དེབ་སྟེང་དུ་རྒྱ་རི་རིན་པོ་ཆེ་ནི་བོད་ཀྱི་ཆབ་སྲིད་མི་སྣ་གལ་ཆེན་ཞིག་ཡིན་ཞིང་། ཁོང་ནི་བོད་རྒྱའི་འབྲེལ་མོལ་གྱི་འགན་ཁུར་གཙོ་བཞེས་གནང་མྱོང་མཁན་གྱི་གནད་ཡོད་ཀྱི་མི་སྣ་ཞིག་ཀྱང་རེད། ཁོང་སྐུ་གཤེགས་པ་དེས་བོད་ནས་སྐྱེས་ཤིང་། བོད་དུ་སྲོལ་རྒྱུན་གྱི་རིག་གནས་ལ་སློབ་གཉེར་གནང་སྟེ་བཙན་བྱོལ་སྤྱི་ཚོགས་སུ་བོད་དོན་འཐབ་རྩོད་ཀྱི་དབུ་ཁྲིད་གནང་བའི་མི་རབས་གཉིས་པ་རྣམས་རྫོགས་བཞིན་པའང་མཚོན་ཐུབ། ད་ལྟ་བཙན་བྱོལ་སྤྱི་ཚོགས་སུ་སྐྱེས་ཤིང་བཙན་བྱོལ་སྤྱི་ཚོགས་སུ་སློབ་གཉེར་བྱས་ཏེ། བོད་ཡུལ་གཏན་ནས་མཐོང་ཐོས་མ་མྱོང་བའི་བོད་པ་བཙན་བྱོལ་བའི་མི་རབས་གསུམ་པའི་དུས་སུ་སླེབས་ཡོད། མི་མང་པོ་ཞིག་ལ་མཚོན་ན་བཀའ་ཟུར་རྒྱ་རི་རིན་པོ་ཆེ་སྐུ་གཤེགས་པ་ནི་བོད་ཀྱི་སྲིད་སྐྱོང་གི་འོས་མི་ཕུལ་དུ་བྱུང་བ་ཞིག་མེད་པར་གྱུར་པའི་ཕངས་སེམས་ཡོད་ཅེས་མྱ་ངན་ཞུ་ཚིག་བྲིས་འདུག

གཞན་ཡང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་འཇོར་ཇི་ཝ་ཤིང་ཊོན་སློབ་གྲྭ་ཆེན་མོའི་དགེ་རྒན་བཀྲ་ཤིས་རབ་རྒྱས་ཀྱིས་རང་གི་ངོ་དེབ་ཏུ་རྒྱ་རི་རིན་པོ་ཆེའི་སྐྱེས་སྟོབས་ཀྱི་ཤེས་རབ་དང་ཐབས་མཁས་ཀྱི་ཆབ་སྲིད་བསམ་བློས་བོད་དོན་དེ་ཉིད་རྒྱལ་སྤྱིའི་ཆབ་སྲིད་ཀྱི་སྡིངས་ཆའི་སྟེང་དུ་བསྐྱལ་ཏེ་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་ནུས་པ་གལ་ཆེན་ཞིག་བཏོན་པའི་མཛད་རྗེས་རྣམས་ངེས་པར་དུ་དེབ་ཐེར་དུ་འགོད་འོས། རྒྱ་རི་རིན་པོ་ཆེ་དམ་པ་དེ་ཉིད་ལ་དུས་མིན་གྱི་འཆི་བ་བྱུང་བ་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་སུ་ཤུགས་རྐྱེན་ཆེན་པོ་ཞིག་མེད་པར་གྱུར་པ་དང་། ཁོང་གིས་ད་ལྟ་བར་དུ་བློ་བརྟན་འགྱུར་མེད་ཀྱིས་བོད་དོན་སྐུ་ངལ་བསྐྱོན་པའི་གྲུབ་འབྲས་དང་ཡིད་ཆེས་ཀྱིས་ང་ཚོར་ལེགས་སྐྱེས་རྩ་ཆེན་ཞིག་ཤུལ་དུ་བཞག་ཡོད་ཅེས་མྱ་ངན་ཞུ་ཚིག་བྲིས་འདུག

དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་ཡོད་པའི་བྷར་མཱིང་ཧམ་སློབ་ཆེན་གྱི་དགེ་རྒན་ཚེ་རིང་སྟོབས་རྒྱལ་གྱིས་ཀྱང་རང་གི་ངོ་དེབ་དུ་རྒྱ་རི་རིན་པོ་ཆེ་ནི་འདས་པའི་ལོ་བཅུ་ཕྲག་རེ་ཟུང་གི་རིང་དུ་བོད་ཀྱི་ཕྱི་འབྲེལ་མི་སྣ་གལ་ཆེན་ཞིག་ཡིན། ད་ལམ་དམ་པ་དེ་ཉིད་སྐུ་གཤེགས་པ་ནི་བོད་ཀྱི་མཁའ་དབྱིངས་སུ་མུན་ནག་འཐིབས་པ་དང་འདྲ། མ་འོངས་པར་རྒྱ་རི་རིན་པོ་ཆེ་ལྟར་བོད་དོན་འཐབ་རྩོད་རྒྱལ་སྤྱིའི་ཆབ་སྲིད་ཀྱི་སྡིངས་ཆ་ཆེན་པོ་ཞིག་གི་སྟེང་དུ་སྐྱེལ་ཐུབ་མཁན་གྱི་ཕྱི་འབྲེལ་མི་སྣ་ཞིག་འབྱུང་བར་དུས་ཡུན་རིང་པོ་ཞིག་འགོར་ངེས་རེད་ཅེས་རྗེས་དྲན་ཞུས་འདུག

དེ་མིན་རྒྱ་རིགས་རྩོམ་པ་པོ་གྲགས་ཅན་ཝང་ལི་ཞུང་གིས་ཀྱང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་ཡིག་གི་དྲྭ་ཚིགས་སུ་རྒྱ་རི་རིན་པོ་ཆེ་ལ་རྗེས་དྲན་གྱི་རྩོམ་ཡིག་རིང་པོ་ཞིག་སྤེལ་ཏེ། ཁོ་པ་རྒྱ་རི་རིན་པོ་ཆེ་དམ་པ་དེ་ཉིད་ལ་འབྲེལ་བ་ཇི་ལྟར་བྱུང་མིན་གྱི་བརྒྱུད་རིམ་ཆ་ཚང་དང་ཕན་ཚུན་བསྐུར་པའི་འཕྲིན་ཡིག་བཅས་པ་བཀོད་ནས་མྱ་ངན་དང་རྗེས་དྲན་ཞུས་འདུག

XS
SM
MD
LG