ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བཀའ་ཟུར་རྒྱ་རི་རིན་པོ་ཆེ་སྐུ་གཤེགས་པ།


༄༅།། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་ཨ་རིའི་ནུབ་ཕྱོགས་སུ་ཆགས་པའི་སན་ཧྥ་རན་སི་སེ་ཀོ་གྲོང་ཁྱེར་དུ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག རྒྱ་རི་རིན་པོ་ཆེས་ཟླ་བ་གཅིག་ལྷག་གོང་ནས་སྐྲན་ནད་ཀྱི་བསྙུན་བཞེས་རྗེས་ཨ་རིའི་སྨན་པ་མཁས་པ་ཚོས་བརྟག་དཔྱད་དང་སྨན་བཅོས་བྱེད་ཐབས་གནང་འདུག་ཀྱང་དྲག་སྐྱེད་མ་བྱུང་བར་མཐར་རེས་གཟའ་ཟླ་བའི་ཉིན་གྱི་སྔ་དྲོར་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་འདུག

བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་ནི་༡༩༤༩་ལོར་མདོ་ཁམས་ཉག་རོང་དུ་འཁྲུངས་རྗེས་མཁན་པོ་ཨ་བརྟན་གྱི་ཡང་སྲིད་དུ་ངོས་འཛིན་ཐོབ་སྟེ་དགོན་པར་གསན་བཞེས་གནང་། སྤྱི་ལོ་༡༩༥༩་ལོར་བོད་ལ་དུས་ཟིང་བྱུང་རྗེས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ནས་ཐོག་མར་རྡོར་གླིང་ཁུལ་དུ་དབྱིན་ཡིག་སློབ་སྦྱོང་གནང་མུས་སུ་རྡོར་གླིང་རང་དབང་གསར་ཤོག་ལ་ཕྱག་ལས་གནང་འགོ་ཚུགས། ༡༩༦༩་ལོར་གཞུང་ཞབས་ཁོངས་ཞུགས་ནས་དིལླི་དོན་གཅོད་ཀྱི་ལས་བྱེད་ནས་མཐར་བཀའ་བློན་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་བཅས་ཀྱི་ལས་གནས་ཁག་ཏུ་སྲི་ཞུ་བསྒྲུབས། རྒྱ་རི་རིན་པོ་ཆེ་དམ་པ་དེ་ཉིད་ནི་བཙན་བྱོལ་བོད་མིའི་གཞུང་ཞབས་མི་སྣའི་གྲས་སུ་ཕྱི་འབྲེལ་ལས་དོན་ལ་མཁས་འཇོན་གཉིས་ལྡན་དང་མཛད་རྗེས་གཟེངས་སུ་ཐོན་པ་འཇོག་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

༡༩༧༠་ལོར་སྐབས་དེའི་བོད་པ་ན་གཞོན་ཚོས་རང་གི་ལས་འགན་གྱི་ཞོར་དུ་བོད་སྤྱི་བའི་ལས་དོན་ལ་ནུས་པ་འཕར་མ་སྤུང་ཆེད་ཆོལ་ཁ་དང་ཆོས་ལུགས་ཀྱི་ངོ་བོ་གཏན་ནས་མེད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་གསར་འཛུགས་ཀྱི་ཐུགས་འགན་བཞེས་ཡོད་པར་མ་ཟད། རྒྱ་གར་དུ་བོད་དོན་ལས་འགུལ་གོང་མཐོར་སྤེལ་པར་འཕགས་བོད་མཛའ་འབྲེལ་ཚོགས་པ་ཟུར་འཛུགས་ཀྱིས་རྒྱ་གར་བའི་དཔོན་རིགས་ཁག་ལ་ཐད་ཀར་འབྲེལ་བ་བཙུགས། ༡༩༨༠་ལོར་རྒྱ་ནག་གཞུང་དང་འབྲེལ་ལམ་འགོ་འཛུགས་བྱུང་བ་ནས་བཟུང་སྟེ་བོད་རྒྱ་གཉིས་ཀྱི་གྲོས་མོལ་བརྒྱུད་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་ལས་དོན་ལ་རྒྱ་རི་རིན་པོ་ཆེ་ཐད་ཀར་འབྲེལ་བ་བྱུང་ཡོད་ཅིང་། བཀའ་བློན་གྱི་ལས་ཁུར་བཞེས་པའི་རིང་ལ་བཙན་བྱོལ་བོད་མིའི་ཕྱི་འབྲེལ་ལས་དོན་ནུས་ཤུགས་ཆེ་རུ་གཏོང་རྒྱུའི་ཐུགས་འགན་གཙོ་བཞེས། སྤྱི་ལོ་༢༠༠༡་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་མཚན་གནས་ཐོག་ཏུ་རྒྱ་ནག་ལ་ཐེངས་དགུ་ཕེབས། བོད་རྒྱའི་འབྲེལ་མོལ་གྱི་ཐོག་མཐའ་བར་གསུམ་དུ་རྒྱ་རི་རིན་པོ་ཆེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་དང་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ལམ་སྟོན་བཞིན་རྒྱ་ནག་གི་དཔོན་རིགས་ཚོར་འཇམ་རྩུབ་གཉིས་ཀྱི་ཐབས་བྱུས་ཅི་རིགས་བསྟེན་ནས་བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་པ་ལྷོད་མེད་གནང་།

སྤྱི་ལོ་༡༩༩༡་ལོ་ནས་རྒྱ་རི་རིན་པོ་ཆེས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཚོགས་གཙོ་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ཐུགས་འགན་བཞེས་པའི་རིང་ལ་འཛམ་གླིང་སྤྱི་དང་། ལྷག་པར་དུ་ཨ་རིའི་སྲིད་འཛིན་བཞིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་དཀར་པོར་གདན་ཞུས་ཀྱིས་མཇལ་འཕྲད་གནང་རྒྱུར་འོག་གྲབས་ཀྱི་ལས་དོན་འགན་ཁུར་གཙོ་བཞེས་གནང་ཡོད་པར་མ་ཟད། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་སྲིད་དོན་ཚོགས་པ་གཉིས་ཀྱི་ཆེས་མཐོའི་དབུ་ཁྲིད་ཚོས་༧གོང་ས་མཆོག་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེར་བྱུང་ནས་བོད་ཀྱི་སྲིད་བྱུས་ཞེས་པའི་ཁྲིམས་ཡིག་བཞག་པ་བཅས་མདོར་ན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིའི་དབུ་ཁྲིད་གཅིག་གིས་༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་གོང་མར་འཐུས་མི་བརྒྱ་ལས་མེད་ཀྱང་དེང་སྐབས་འཐུས་མི་བརྒྱ་དང་གཅིག་ཡོད་པ་ནི་རྒྱ་རི་བློ་གློས་རྒྱལ་མཚན་རེད་ཅེས་ཞུས་མྱོང་ཡོད་འདུག

བཀའ་ཟུར་རྒྱ་རི་རིན་པོ་ཆེ་ནི་སྐུ་ཚེ་ཧྲིལ་པོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་དགོངས་བཞེད་ལ་མཐའ་གཅིག་ཏུ་གུས་བཀུར་དང་ལེན་ཞུ་མཁན་ཞིག་ཡིན་ཞིང་། དམ་པ་དེ་ཉིད་ཀྱིས་བོད་ནང་གི་འགྱུར་བའི་གནས་ཚུལ་རྒྱུན་དུ་ཐུགས་སྣང་ཆེན་པོ་གནང་མཁན་ཞིག་དང་། བཙན་བྱོལ་བོད་པ་ཚོར་༧གོང་ས་མཆོག་ཐུགས་ཕམ་མི་ཡོང་བ་དང་བོད་གཞིས་ལུས་རྒྱ་ཆེའི་མི་རྣམས་བློ་ཕམ་མི་ཡོང་བ་བྱ་དགོས་ཞེས་ནན་སྐུལ་གནང་མཁན་བཙན་བྱོལ་བོད་མིའི་རླབས་ཆེན་གྱི་མི་སྣ་ཞིག་ཡིན། ད་ལམ་ཁོང་སྐུ་ཚེ་མ་ཟིན་པའི་གནས་ཚུལ་བྱུང་བ་ནི་རྒྱལ་སྤྱིའི་ཐོག་ཏུ་བོད་དོན་ལ་ཕྱག་ལས་ནུས་པ་ཐོན་པའི་ཕྱི་འབྲེལ་ལས་དོན་སྒྲུབ་མཁན་གྱི་སྐྱེས་བུ་ཞིག་མེད་པར་གྱུར་པ་རེད།།

འདིར་བཀའ་ཟུར་རྒྱ་རི་རིན་པོ་ཆེ་ལ་རྗེས་དྲན་གུས་འདུད་མཚོན་ཆེད་དུ་ཀུན་གླེང་ལས་རིམ་ལ་མཐའ་མའི་བཅར་འདྲི་ཞུས་པ་ཞིག་ཡོད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG