ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གི་ཡེ་ཤུའི་ཆོས་ཚོགས་ཁག་རྩ་བརླག་འགྲོ་ཉེན།


༄༅།།ཧོང་ཀོང་གི་ཆོས་རྗེ་ཇཱོ་སེབ་ཟེན་གྱིས་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་ཕོབ་མཆོག་རྒྱ་ནག་དམར་ཤོག་སྲིད་གཞུང་དང་རྒྱ་ནག་གི་དམར་ཤོག་འགོ་ཁྲིད་ཚོར་རྒྱུས་མངའ་མེད་པར་གདན་ས་ཝ་ཊི་ཁན་དང་རྒྱ་ནག་གཞུང་གིས་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་འདུག གྲོས་མཐུན་དེར་མཇུག་འབྲས་ཚབས་ཆེན་ཞིག་སྨིན་སྲིད། གདན་ས་ཝ་ཊི་ཁན་གྱི་གྲོས་མཐུན་ལ་བརྟེན་ནས་རྒྱ་ནག་གཞུང་གིས་ཁྲིམས་མཐུན་གྱི་སྒོ་ནས་གཞུང་འབྲེལ་གྱི་ཆོག་མཆན་མ་ཐོབ་པར་ཚུགས་པའི་ཡེ་ཤུའི་ཆོས་ཚོགས་ཁག་རྩ་མེད་གཏོང་ཆོག རྒྱ་ནག་གཞུང་གི་ཆོག་མཆན་མེད་པར་ཚུགས་པའི་ཡེ་ཤུའི་ཆོས་ཚོགས་ཁག་ནི་རྒྱ་ནག་ནང་གི་ཡེ་ཤུའི་ཆོས་སྡེ་ངོ་མ་ཡིན། ཁོ་ཚོ་བླ་ཆེན་ཕོབ་མཆོག་དང་གདན་ས་ཝ་ཊི་ཁན་ལ་དད་པ་དམ་ཚིག་འགྱུར་བ་མེད། བླ་ཆེན་ཕོབ་མཆོག་གིས་རྒྱ་ནག་གི་ཡེ་ཤུ་ཆོས་དད་པ་གཤའ་མ་རྣམས་ཀྱི་བདེ་སྡུག་ལ་དགོངས་པ་མ་བཞེས་པ་ཧ་ཅང་གི་ཐབས་རྡུགས་ཤིག་རེད་ཅེས་སྐྱོན་བརྗོད་བྱས་འདུག

དེང་སྐབས་རྒྱ་ནག་རྒྱལ་ཡོངས་སུ་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་རྗེས་འཇུག་པ་ས་ཡ་༡༢་ཙམ་ཡོད་པ་རྣམས་ནི་རྒྱ་གཞུང་གི་ཆོག་མཆན་ཐོབ་ནས་བཙུགས་པའི་རྒྱལ་གཅེས་རིང་ལུགས་ཀྱི་ཡེ་ཤུའི་ཆོས་སྡེ་ཁག་དང་རྒྱ་ནག་གཞུང་ལ་མགོ་མ་སྒུར་པར་ལྐོག་ཏུ་ཚུགས་པའི་ཡེ་ཤུའི་ཆོས་སྡེ་ཁག་ཡིན་ཞིང་། རྒྱ་ནག་གཞུང་ལ་མགོ་མ་སྒུར་པར་ཚུགས་པའི་ཡེ་ཤུའི་ཆོས་དད་པ་ཚོས་བླ་ཆེན་ཕོབ་མཆོག་དང་གདན་ས་ཝ་ཊི་ཁན་གཙུག་ཏུ་བཀུར་ཏེ་རྒྱ་ནག་དམར་ཤོག་སྲིད་གཞུང་གི་བཀོད་འདོམས་ལ་ཉན་གྱི་མེད་པས་རྒྱ་ནག་གཞུང་གིས་རྟག་ཏུ་གཞུང་འབྲེལ་མ་ཡིན་པའི་ཡེ་ཤུའི་ཆོས་ཚོགས་ཁག་གི་ལྷ་ཁང་གཏོར་བཤིག་དང་མཆོད་རྫས་གཞུང་བཞེས། གདན་ས་ཝ་ཊི་ཁན་དང་བླ་ཆེན་ཕོབ་མཆོག་ལ་བློ་སེམས་དཀར་པའི་ཡེ་ཤུ་ཆོས་དད་པ་རྣམས་བཙོན་འཇུག་བྱེད་ཀྱི་ཡོད་པ་རེད།

ཁ་སྔོན་ཕྱི་ཟླ་༩་ཚེས་༢༢་ཉིན་རྒྱ་ནག་གཞུང་དང་གདན་ས་ཝ་ཊི་ཁན་གྱིས་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ནས་རྒྱ་ནག་གི་དམར་ཤོག་འགོ་ཁྲིད་ཚོས་བསྐོ་བཞག་བྱས་པའི་ཡེ་ཤུའི་ཆོས་དཔོན་བླ་ཆེན་ཕོབ་མཆོག་དང་གདན་ས་ཝ་ཊི་ཁན་གྱིས་ངོས་ལེན་གནང་རྒྱུ། མ་འོངས་པར་རྒྱ་ནག་གཞུང་གིས་ཕུལ་བའི་ཆོས་དཔོན་གྱི་འོས་མིའི་མཚན་ཐོའི་ཁོངས་ནས་བླ་ཆེན་ཕོབ་མཆོག་ལ་རྒྱ་ནག་གི་ཡེ་ཤུའི་ཆོས་དཔོན་རྣམས་བསྐོ་བཞག་གནང་དུ་འཇུག་རྒྱུ། རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་ཡེ་ཤུའི་ཆོས་དཔོན་རྣམས་གདན་ས་ཝ་ཊི་ཁན་གྱི་ཚོགས་འདུ་ཁག་ལ་མཉམ་ཞུགས་ཆོག་པ། ༡༩༥༡་ནས་རྒྱ་ནག་དང་གདན་ས་ཝ་ཊི་ཁན་གཉིས་འབྲེལ་བ་ཆད་པ་སླར་གསོ་བྱུང་སྟེ་བླ་ཆེན་ཕོབ་མཆོག་གིས་རྒྱ་ནག་ལ་ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་གཏོང་ཐུབ་རྒྱུའི་དགོངས་པ་ཡོད་ཀྱང་ཆོས་རྗེ་ཇཱོ་སེབ་ཟེན་ལ་མཚོན་ན་བླ་ཆེན་མཆོག་གིས་རྒྱ་ནག་ལ་གུ་བཤངས་བྱ་རྒྱུ་ཐལ་དྲགས་ཡོད་ཅིང་། གདན་ས་ཝ་ཊི་ཁན་དང་རྒྱ་ནག་གི་གྲོས་མཐུན་དེ་རྒྱ་ནག་གི་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚོར་ནོན་སྡོམ་བྱེད་པའམ། ཡང་ན་རྒྱ་གཞུང་གི་ཆོག་མཆན་མེད་པར་ཚུགས་པའི་ཡེ་ཤུའི་ཆོས་ཚོགས་ཁག་རྩ་བརླག་འགྲོ་རྒྱུའི་སྔ་ལྟས་སུ་འགྱུར་སྲིད། བླ་ཆེན་ཕོབ་མཆོག་རྒྱ་ནག་ལ་རྒྱུས་མངའ་མི་འདུག གལ་སྲིད་ང་རི་མོ་འབྲི་མཁན་ཞིག་ཡིན་ན་ངས་བླ་ཆེན་ཕོབ་མཆོག་གིས་ཞིས་ཅིན་ཕིང་གི་མདུན་དུ་པུས་མོ་བཙུགས་ནས་དག་ཞིང་གི་ལྡེ་མིག་ཕུལ། ཞིས་ཅིན་ཕིང་གི་དྲུང་དུ་ཐལ་མོ་སྦྱར་ནས་བླ་ཆེན་མཆོག་གིས་ང་ཕོབ་ལ་ངོས་འཛིན་གནང་བར་ཞུ་ཞེས་གསོལ་བ་འདེབས་ཀྱི་ཡོད་པ་ཞིག་འབྲི་ས་རེད་ཅེས་ནེའུ་ཡོཀ་དུས་བབ་ཚགས་པར་གྱི་མདུན་ཤོག་ལ་རྩོམ་ཡིག་བྲིས་འདུག

ཆོས་རྗེ་ཇཱོ་སེབ་ཟེན་གྱིས་བླ་ཆེན་མཆོག་ལ་དམར་ཤོག་གི་འགོ་ཁྲིད་ཚོར་རྒྱུས་མངའ་མེད། ངའི་ཕ་ཡུལ་ཨར་ཆིན་ཊི་ན་རྒྱལ་ཁབ་ལའང་དམར་ཤོག་གི་ལམ་ལུགས་ཚུགས་མྱོང་། ངས་དམར་ཤོག་གི་འགོ་ཁྲིད་ཚོར་གྲོས་མོལ་བྱས་ནས་རྒྱ་ནག་ལ་འགྱུར་བ་གཏོང་ཐུབ་དགོངས་ཡོད་སྲིད་ཀྱང་རྒྱ་ནག་གི་དམར་ཤོག་འགོ་ཁྲིད་ཚོ་ཨར་ཆིན་ཊི་ནའི་དམར་ཤོག་གི་འགོ་ཁྲིད་ཚོ་འདྲ་ཡི་མ་རེད། རྒྱ་ནག་གི་དམར་ཤོག་འགོ་ཁྲིད་ཚོས་སྲིད་དབང་བཟུང་བའི་རྗེས་སུ་དྲག་གནོན་ཅི་ཙམ་བྱེད་ཀྱི་ཡོད་པ་དང་། ཁོ་ཚོར་སྲིད་དབང་བློས་གཏོང་འདོད་མེད་པ་རྣམས་བླ་ཆེན་མཆོག་གིས་མཁྱེན་གྱི་མེད་པ་འདྲ། རྒྱ་ནག་གཞུང་གིས་ཡེ་ཤུའི་ཆོས་ཚོགས་ཁག་ལ་དྲག་གནོན་དང་གཏོར་བཤིག་ཚབས་ཆེན་བཏང་བའི་རྗེས་སུ་གདན་ས་ཝ་ཊི་ཁན་དང་རྒྱ་ནག་གཉིས་ཀྱིས་གྲོས་མཐུན་དེར་མིང་རྟགས་བཀོད་པ་རེད་ཅེས་སྐྱོན་བརྗོད་ཀྱི་རྩོམ་ཡིག་སྤེལ། ཆོས་རྗེ་ཇཱོ་སེབ་ཟེན་ནི་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་འཁྲུངས་ཀྱང་ལོ་མང་རིང་ཧོང་ཀོང་གི་ཆོས་དཔོན་ཞིག་གི་ཐུགས་འགན་བཞེས། ཁོང་གིས་རྒྱ་ནག་གི་ཆབ་སྲིད་སྒྱུར་བཅོས་དང་དམངས་གཙོའི་ལས་འགུལ་ཁག་ལ་རྒྱབ་སྐྱོར། ཁོང་ནི་རྒྱ་ནག་གི་གཞུང་འབྲེལ་མ་ཡིན་པའི་ཡེ་ཤུའི་ཆོས་ཚོགས་ཁག་གིས་རེ་བ་འཆང་ས་གཙོ་བོ་ཞིག་ཡིན་རུང་དགུང་ནའི་བབས་ཀྱིས་ཡུན་རིང་མི་འགོར་པར་བགྲེས་ཡོལ་དུ་ཕེབས་འཆར་ཡོད་པ་རེད།།

XS
SM
MD
LG