ངོ་འཕྲད་བདེ་བའི་དྲ་འབྲེལ།

ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་སྦྱོང་ཆེན་མོ།


༄༅།། ཨ་མི་རི་ཀས་འགོ་ཁྲིད་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་དཔུང་ཁྲི་ཚོ་༥་ཡུ་རོབ་བྱང་ཕྱོགས་ཀྱི་རྒྱལ་ཁབ་ནོར་ཝེའི་ས་ཐོག་ཏུ་བསྡུས་ནས་དམག་སྦྱོང་ཆེན་པོ་ཞིག་བྱེད་ཀྱི་ཡོད་ཅིང་། ད་ཐེངས་ཀྱི་དམག་སྦྱོང་འདི་ནི་གྲང་དམག་འཁོན་འཛིང་མཇུག་བསྒྲིལ་པའི་རྗེས་སུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཨུ་རུ་སུའི་མཐའ་མཚམས་ཤིག་ཏུ་གཞི་རྒྱ་ཆེ་བའི་དམག་སྦྱོང་ཞིག་བྱས་པ་ཐེངས་དང་པོ་ཡིན། ཨ་མི་རི་ཀའི་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པ་ཇཱེམ་སི་ཧྥོ་གྷོས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་སྦྱོང་འདི་ཕྱི་ཟླ་༡༡་ཚེས་༧་བར་དུ་བྱ་འཆར་ཡོད། དམག་སྦྱོང་འདིའི་དམིགས་ཡུལ་གཙོ་བོ་ནི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་རང་གི་སྒྲིག་འཛུགས་དེའི་ཁོངས་གཏོགས་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཐུབ་པའི་དམག་སྦྱོང་ཞིག་ཡིན་པ་ལས་རྒྱལ་ཁབ་གཞན་པ་སུ་གཅིག་ལའང་ཕར་རྒོལ་བྱེད་པའི་དམག་སྦྱོང་ཞིག་མིན་ཞེས་བཤད་ཡོད་པར་མ་ཟད། དབྱིན་ཇིའི་མདའ་དཔོན་ལཱེ་ཝྭེ་རི་ཞེས་པ་ཞིག་གིས་ཀྱང་ང་ཚོས་ཡུ་རོབ་གླིང་གི་ས་གནས་གང་ཞིག་ཏུ་དམག་དཔུང་འདྲེན་གཏོང་བྱ་དགོས་ཐུག་ཀྱང་དཀའ་ངལ་མེད་པར་དམག་དཔུང་འདྲེན་གཏོང་ཐུབ་པའི་ནུས་པ་ཡོད་པ་སྟོན་ཐབས་སུ་དམག་སྦྱོང་བྱེད་ཀྱིན་ཡོད་ཅེས་བཤད་འདུག

ཕྱི་ཟླ་༡༠་ཚེས་༢༥་ནས་འགོ་ཚུགས་ཀྱི་ཡོད་པའི་དམག་སྦྱོང་འདིར་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་༢༩་པོ་མཉམ་ཞུགས་བྱ་རྒྱུ། དམག་དཔུང་ཁྲི་ཚོ་ལྔའི་དམག་སྦྱོང་འདིར་ལྕགས་འཁྲབ་འཁོར་ལོ་དང་མཚོན་ལྡན་རླངས་འཁོར་ཁྲི་ཚོ་གཅིག དམག་གི་གནམ་གྲུ་༢༥༠་དང་དམག་གྲུ་༦༠་ཡོད་ཅིང་། ས་ཁྱོན་དབྱིན་ལེ་༦༠༠་ཐམ་པའི་དམག་སྦྱོང་བྱ་ཡུལ་ནི་ནོར་ཝེ་ནས་ཨུ་རུ་སུ་ལ་རྒྱང་ཁད་དབྱིན་ལེ་༡༢༣་ལས་མེད་པའི་མཚམས་སུ་བྱེད་ཀྱི་ཡོད་ཀྱང་གནམ་དམག་གི་སྦྱོང་བརྡར་དེ་ཨུ་རུ་སུ་དང་རྒྱང་ཁད་དབྱིན་ལེ་༣༠༠་ཙམ་གྱི་མཚམས་སུ་བྱེད་ཀྱི་ཡོད་པ་དང་། ཨུ་རུ་སུ་དང་བྷེ་ལོ་རུ་སུའི་དམག་དོན་རྟོག་ཞིབ་པ་གཉིས་རེ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་སྦྱོང་འདིར་རྟོག་ཞིབ་བྱེད་དུ་མགྲོན་འབོད་བྱས་མོད། ཡིན་ནའང་ཨུ་རུ་སུའི་གཞུང་གིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་སྦྱོང་དེར་ངོ་རྒོལ་བྱེད་ཀྱི་ཡོད་པ་སྟེ། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་དཔུང་རྣམས་ཨུ་རུ་སུའི་ཉེ་འཁོར་དུ་དམག་གསོག་རྒྱག་གི་འདུག གལ་སྲིད་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་དཔུང་ཇེ་མང་དུ་སོང་ནས་ཨུ་རུ་སུའི་བདེ་འཇགས་ལ་ཉེན་ཀ་འཕྲད་ན་ང་ཚོས་རྒོལ་ལན་ཚུལ་བཞིན་སློག་ཐུབ་ཀྱི་ཡོད་ཅེས་སྡིགས་ར་བསྐུལ་འདུག

དུས་རབས་སྔོན་མའི་ལོ་རབས་༩༠་ནང་དུ་ཨུ་རུ་སུ་དམར་ཤོག་རྒྱལ་ཁབ་ཁ་འཐོར་སོང་བ་དང་གྲང་དམག་འཁོན་འཛིང་གི་ཉེན་ཀ་མེད་པར་གྱུར་པའི་རྗེས་སུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་དཔུང་ཉུང་དུ་བཏང་ཞིང་། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་པའི་ལས་འགན་ཁུར་རུང་། ༢༠༡༤་ལོར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་ལ་བཙན་འཕྲོག་བྱས་པ་དང་ཨུ་རུ་སུའི་གཞུང་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་དྲག་བཀོལ་རྒྱུ་ཇེ་མང་དུ་སོང་ནས་བཟུང་། ཨུ་རུ་སུའི་མཐའ་འཁོར་དུ་ཆགས་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་དང་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཉེན་ཀ་ཕྲད། དེར་བརྟེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་དཔུང་གི་གྲངས་འབོར་དང་དམག་དོན་གྱི་འགྲོ་གྲོན། འཐབ་འཁྲུག་གི་ནུས་པ་དང་དམག་སྦྱོང་གི་ཚད་གཞི་སོགས་རྒྱ་ཆེ་རུ་བཏང་སྟེ་ཨུ་རུ་སུའི་བཙན་འཛུལ་ལ་དོགས་ཟོན། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམིགས་འབེན་ཨབ་གྷ་ཎི་སི་ཐན་ལ་གཏད་ཡོད་པ་དེ་ནས་ཤར་ཡུ་རོབ་དང་ཨུ་རུ་སུའི་ཉེ་འཁོར་གྱི་རྒྱལ་ཁབ་ཁག་གི་བདེ་འཇགས་སྲུང་སྐྱོབ་ལ་ཁ་ཕྱོགས་བསྒྱུར་ཡོད་པ་རེད།

ནོར་ཝེའི་དམག་སྤྱི་ཇཱེ་ཀོབ་སེན་གྱིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་སྦྱོང་འདིར་ཨུ་རུ་སུའི་གཞུང་གིས་བློ་འཚབ་དང་དོགས་ཟོན་བྱ་དགོས་དོན་མེད། དམག་སྦྱོང་འདིའི་ངོ་བོ་ནི་རང་སྲུང་གི་དམག་སྦྱོང་ཁོ་ན་ཡིན་པ་དང་ཕར་རྒོལ་གྱི་དམག་སྦྱོང་ཞིག་མིན་ཞེས་བཤད། ནོར་ཝེའི་རྒྱལ་སྲུང་བློན་ཆེན་གྱིས་ཀྱང་ནོར་ཝེའི་བདེ་འཇགས་ལ་ཨུ་རུ་སུ་ཐད་ཀར་ཉེན་ཀ་ཞིག་མིན། ཡིན་ནའང་དེང་སྐབས་རྒྱལ་སྤྱིའི་བདེ་འཇགས་སྲུང་སྐྱོབ་ཀྱི་གནས་སྟངས་དེར་འཁྲུག་རྩོད་སློང་ཆོག་ཆོག་ཡོད་པས་དོན་རྐྱེན་གཞན་ཞིག་གིས་ནོར་ཝེའི་བདེ་འཇགས་ལ་ཉེན་ཀ་འབྱུང་སྲིད། རྒྱུ་མཚན་དེའི་ཕྱིར་ན་ཡུ་རོབ་ཀྱི་བྱང་ཕྱོགས་སུ་དུས་བདེ་ཞོད་འཇགས་མེད་པའི་རྐྱེན་ངན་འདྲ་བྱུང་ན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་གྲ་སྒྲིག་ཡོད་པ་དང་དམག་དཔུང་གཏོང་ཆོག་ཆོག་ཡོད་པའི་དམག་སྦྱོང་བྱ་རྒྱུ་གནད་འགག་ཅིག་ལ་གྱུར་ཡོད་ཅེས་བཤད། ཨ་མི་རི་ཀ་དང་དབྱིན་ཇི་གཉིས་ཀྱིས་ནོར་ཝེའི་འཁྱག་རོམ་གྱི་ཁྲོད་དུ་དམག་དཔུང་ཇེ་མང་དུ་བཏང་ནས་འཐབ་འཁྲུག་གི་སྦྱོང་བརྡར་བྱེད་ཀྱི་ཡོད་ཅིང་། ཉེ་ཆར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྔོན་ཆད་ཨ་མི་རི་ཀ་དང་ཨུ་རུ་སུ་གཉིས་ཀྱིས་བཞག་པའི་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་གྱི་ཆིངས་ཡིག་ཁོངས་ནས་ཨ་མི་རི་ཀ་ཕྱིར་འཐེན་བྱ་རྒྱུའི་ཐག་བཅད། ཧྥ་རན་སིར་ཡོད་པའི་དམག་དོན་འཐབ་ཇུས་ཉམས་ཞིབ་པ་ཧེ་སི་བྷག་གིས་ཨུ་སུ་རུའི་དམག་གི་སྟོབས་ཤུགས་གྲང་དམག་འཁོན་འཛིན་དུས་ཀྱི་སྟོབས་ཤུགས་དེར་ཕྱིར་ལོག་ཐུབ་ཡོད་པ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་སྟོབས་ཤུགས་ཀྱང་གྲང་དམག་འཁོན་འཛིང་སྐབས་ཀྱི་སྟོབས་ཤུགས་དེར་སླར་གསོ་བྱེད་ཀྱིན་འདུག དེས་ན་འཛམ་གླིང་དམག་ཆེན་གསུམ་པ་ལང་མི་སྲིད་པའི་ངེས་པ་མེད་ཅེས་ཉེན་བརྡ་བཏང་ཡོད་པ་རེད།

༢༠༡༢་ནས་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱིས་བྱང་ཕྱོགས་དམག་དཔུང་སྟེ། ནུབ་ཕྱོགས་སུ་ཁ་གཏད་པའི་ཨུ་རུ་སུའི་མཚོ་དམག་གི་སྟོབས་ཤུགས་ཡར་རྒྱས་བཏང་སྟེ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་འཐབ་རྒོལ་བྱེད་ཐུབ་པའི་ནུས་པ་རྒྱ་སྐྱེད་གཏོང་གི་ཡོད་ཅིང་། ནོར་ཝེའི་མཐའ་མཚམས་ཀྱི་སའི་གོ་ལའི་བྱང་སྣེ་དེར་ཚུགས་པའི་ཨུ་རུ་སུའི་དམག་སྒར་ཁག་གི་སྲ་བརྟན་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་མེ་ཤུགས་འཕུར་མདེལ་འཚོལ་ཞིབ་བྱེད་པའི་རེ་ཌར་འཕྲུལ་ཆས་གསར་པ། འཕུར་མདེལ་འགོག་སྲུང་གི་མཐུན་རྐྱེན་རྣམས་མཁོ་སྦྱོར། ཨུ་རུ་སུའི་བྱང་ཕྱོགས་མཚོ་དམག་ལ་དམག་གྲུ་གསར་པ་༥་དང་རྒྱབ་གནོན་དམག་གྲུ་ལྔ། འཐབ་འཛིང་གནམ་གྲུ་༡༥་བཅས་འཕྲལ་དུ་ཁ་སྣོན་སྤྲོད་རྒྱུའི་ཐག་བཅད་པ་དང་། ཕྱི་ལོ་༢༠༠༠་ལོར་ཕུ་ཀྲིན་གྱིས་ཨུ་རུ་སུའི་སྲིད་དབང་བཟུང་ནས་བཟུང་སྟེ་སྔོན་གྱི་ཨུ་རུ་སུ་དམར་ཤོག་གི་སྟོབས་ཤུགས་དང་མངའ་རིས་ཀྱི་ཆེ་ཆུང་། སྔོན་ཆད་ཨུ་རུ་སུ་དམར་ཤོག་སྲིད་གཞུང་གིས་འཛམ་གླིང་གི་ཕྱེད་ཀ་ལྷག་ལ་ཤུགས་རྐྱེན་ཐེབས་པའི་སྟོབས་ཤུགས་རྣམས་སླར་གསོ་བྱེད་ཐུབ་པའི་ཧམ་སེམས་བཅངས། སྲིད་འཛིན་ཕུ་ཀྲིན་ལ་མཚོན་ན་དུས་རབས་༢༠་པའི་ཆག་སྒོ་ཆེ་ཤོས་ནི་ཨུ་རུ་སུ་དམར་ཤོག་རྒྱལ་ཁབ་ཁ་འཐོར་སོང་བ་དེ་ཡིན་པ་དང་། ཨུ་རུ་སུ་དམར་ཤོག་རྒྱལ་ཁབ་ནི་སྲིད་འཛིན་པུ་ཀྲིན་གྱི་སེམས་ནས་ནམ་ཡང་དོར་ཐབས་མེད་པ་ཞིག་ཏུ་གྱུར་ཏོ།།

XS
SM
MD
LG