ཉེ་དུས་ཤིག་བོད་ཕྱི་ནང་གི་དྲ་ལམ་ཁག་ཏུ་དུང་དཀར་བོད་ཡིག་འཇུག་ཐབས་ཞེས་པའི་བཀོལ་ཆས་ཤིག་བརྒྱུད་སྐུར་བྱེད་བཞིན་ཡོད་ཅིང་། བཀོལ་ཆས་apps དེ་ཀུ་ཤུ་དང་ཨན་ཌི་རོ་སོགས་ཁ་པར་དུ་ཕབ་ལེན་བྱས་ན་བོད་སྐད་ཀྱི་སྒྲ་གདངས་ངོས་ཟིན་ཏེ་སྐད་ཆ་ཡིག་ཐོག་ཏུ་འབེབས་ཐུབ་པར་མ་ཟད། ཁ་པར་དུ་བོད་ཡིག་ལག་བྲིས་བྱས་ཀྱང་ཁ་པར་གྱིས་ཡི་གེ་ངོས་འཛིན་བྱེད་ཐུབ་པའི་བཀོལ་ཆས་འདི་ནི་བོད་སྐད་བཤད་ཤེས་ཀྱང་བོད་ཡིག་འབྲི་མི་ཤེས་མཁན་རྣམས་ལ་དམིགས་བསལ་གྱིས་ཕན་ཐོགས་ཆེ། སྒྲ་ལམ་དུ་ཡོད་པའི་གཏམ་བཤད་སོགས་ཡིག་ཐོག་ཏུ་འབེབས་པར་ཕན་ཐོགས་ཆེན་པོ་ཡོད་པའི་ངོ་སྤྲོད་བྱས་འདུག
ད་སྔ་བཀོལ་ཆས་འདིའི་ནང་དུ་དབུས་སྐད་དང་ཨམ་སྐད་ཅེས་པའི་བོད་ཀྱི་ལུང་སྐད་མ་འདྲ་བ་གཉིས་ཀྱི་སྐད་ཆའི་སྒྲ་གདངས་ཡི་གེ་ངོས་འཛིན་བྱེད་ཐབས་སྒྲིག་འཇུག་བྱས་འདུག ཨམ་སྐད་ཀྱི་སྒྲ་གདངས་ངོས་འཛིན་ཚད་ལྡན་ཞིག་ཐུབ་ཀྱི་མེད་ཀྱང་དབུས་སྐད་ཀྱི་སྐད་གདངས་ངོས་འཛིན་བྱེད་ཐུབ་པའི་ཚད་དེ་བརྒྱ་ཆའི་༩༨་དང་གྲངས་ཆུང་༨་ཟིན། དུས་ཡུན་སྐར་མ་གཅིག་གི་ནང་དུ་བོད་ཡིག་གི་ཡིག་འབྲུ་༡༨༠་གཏག་ཐུབ་ཅེས་བཀོད།
དུང་དཀར་བོད་ཡིག་འཇུག་ཐབས་འདི་བོད་ཀྱི་ཚོགས་པ་དང་མི་སྒེར་པ་སུ་ཞིག་གིས་གསར་གཏོད་དང་བོད་ཡིག་གི་སྒྲ་མཛོད་བཟོས་པ་ཡིན་མིན་གྱི་གནས་ཚུལ་ཁ་གསལ་ཞིག་མེད་ཀྱང་བོད་སྐད་ཀྱི་སྒྲ་གདངས་ཡིག་ཐོག་ཏུ་འབེབས་རྒྱུའི་ལག་རྩལ་གྱི་ཐད་དུ་རྒྱ་ནག་ཏུ་ཡོད་པའི་ཁྀ་ཏཱ་ཞོན་ཧྥེ་བཟོ་ཚོང་ཁང་གིས་སྐད་ཆ་ཡིག་ཐོག་ལ་ངོས་འཛིན་བྱེད་ཐབས་ཀྱི་ལག་རྩལ་མཁོ་སྤྲོད་བྱས་པ་ཡིན་ཚུལ་འཁོད། བཟོ་ཚོང་ཁང་དེ་ནི་རྒྱ་ནག་གི་ཨན་ཧུའི་ཞིང་ཆེན་དུ་རྟེན་གཞི་བྱས་ཡོད་པའི་བཟོ་ཚོང་ཁང་ཞིག་ཡིན་ཞིང་། བཟོ་ཚོང་ཁང་འདིས་གཙོ་བོ་སྐད་ཆ་ལ་འཕྲུལ་ཆས་ཀྱིས་རམ་འདེགས་བྱེད་ཐབས་ཀྱི་བཀོལ་ཆས་གསར་གཏོད་བྱས་ཏེ་ཝི་ཁི་རིག་མཛོད་ཅེས་པའི་རྒྱ་ཡིག་གི་པར་ངོས་སུ་བཟོ་ཚོང་ཁང་འདི་ངོ་སྤྲོད་བྱས་ཡོད་པ་ལྟར་ན་ཁི་ཏཱ་ཞོན་ཧྥེ་ཞེས་པའི་བཟོ་ཚོང་ཁང་འདིར་རྒྱ་ནག་གཞུང་གིས་རྒྱབ་སྐྱོབ་ཤུགས་ཆེན་པོ་བྱས་ཏེ་སྐད་ཆ་ངོས་འཛིན་གྱི་ལག་རྩལ་འཕེལ་རྒྱས་གཏོང་གི་ཡོད་ཅིང་། ཁོ་ཚོས་རྒྱ་ནག་གཞུང་ལ་རོགས་འདེགས་བྱས་ནས་རྒྱ་ནག་གི་མི་རྣམས་ཀྱི་སྐད་ཆའི་སྒྲ་མཛོད་ཞིག་བཟོ་བཞིན་འདུག
བཟོ་ཚོང་ཁང་གི་ལས་ཁུངས་གཙོ་བོ་བཙུགས་ཡོད་སའི་ཨན་ཧུའི་ཞིང་ཆེན་དུ་སྒྲ་སྐད་མི་འདྲ་བ་༧༠༠༠༠་ལྷག་ཡོད་པའི་སྒྲ་མཛོད་ཅིག་བཙུགས། ཨན་ཧུའི་ཞིང་ཆེན་གྱིས་སྒྲ་མཛོད་འདི་སྤྱད་ནས་འཛིན་བཟུང་བྱ་དགོས་པའི་ཉེས་ཅན་པའི་རིགས་ཀྱི་སྐད་སྒྲ་ངོས་འཛིན་བྱེད་ཐབས་སུ་བཀོལ་སྤྱོད་གཏོང་གི་ཡོད་སྐད། ད་ལོའི་སྤྱི་ཟླ་༩་པར་ཁི་ཏཱ་ཞོན་ཧྥེ་ཞེས་པའི་ཐོན་རྫས་གསར་པ་རྒྱལ་སྤྱིའི་ཚོགས་ཆེན་ཞིག་ཏུ་ཞུགས་ཏེ་སྐད་བརྡ་ཡིག་སྒྱུར་ཚད་ལྡན་ཞིག་མིན་པའི་སྐྱོན་བརྗོད་ཕོག
བོད་ཡིག་གི་སྐད་ཆ་ཡིག་ཐོག་ཏུ་འབེབས་རྒྱུའི་བཀོལ་ཆས་དུང་དཀར་བོད་ཡིག་འཇུག་ཐབས་ནི་ཐེངས་དང་པོ་ཡིན་ཞིང་། ད་སྔ་གུ་གུལ་གྱི་བཀོལ་ཆས་ནང་དུ་དབྱིན་ཡིག་དང་རྒྱ་ཡིག་སོགས་རང་འགུལ་གྱིས་ཕར་ཚུར་ཡིག་སྒྱུར་བྱེད་ཐུབ། ཡི་གེ་སྒྲ་ལམ་དུ་འབེབས་ཐུབ་པ་དང་སྐད་སྒྲ་ཡིག་ཐོག་ཏུ་འབེབས་ཐུབ་པ་སོགས་ཀྱི་མ་ལག་འཐུས་ཚང་ལྡན། ཀུ་ཤུའི་འཕྲུལ་ཆས་རིགས་ཀྱི་ནང་དུ་སི་རི་ཞེས་པའི་སྐད་ཆ་འདྲི་ས་ཞབས་ཞུའི་མ་ལག་དང་། གཞན་ཡང་ཨ་ལི་ཁ་སི་སོགས་ཀྱི་སྐད་བརྡའི་ལམ་ནས་མི་ལ་ཡིག་ངག་གཉིས་ཕར་ཚུར་ཕབ་སྒྱུར་ལས་ཀ་སྟབས་བདེར་གཏོང་བའི་འཕྲུལ་ཆས་ཀྱི་རིགས་ཇི་མང་དུ་འགྲོ་བཞིན་ཡོད་ཀྱང་བོད་ཡིག་གི་ནང་དུ་ཐེངས་དང་པོར་སྒྲ་སྐད་ཡིག་ཐོག་ཏུ་འབེབས་ཐབས་ཀྱི་བཀོལ་ཆས་སླེབས་པ་ཐེངས་དང་པོ་ཞིག་ཡིན་པས་མི་མང་པོ་ཞིག་གིས་དུང་དཀར་བོད་ཡིག་འཇུག་ཐབས་ནི་བོད་ཀྱི་སྐད་ཡིག་བརྡ་འཕྲིན་ཅན་བསྒྱུར་པར་ཐོད་བརྒལ་ཆེན་པོ་ཞིག་རེད་ཅེས་ངོས་འཛིན་བྱེད་བཞིན་འདུག་གོ