ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཡར་ཀླུངས་གཙང་པོ་འགགས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གཟའ་ལྷག་པ་ཉིན་ཡར་ཀླུངས་གཙང་པོ་རྒྱུག་སའི་རི་ཟུར་ནས་ས་རུད་བརྒྱབ་སྟེ་བྲག་སྐྱིབས་ཤིག་ལྷུང་ནས་ཆུ་བཀག་ཡོད་ཅིང་། དེ་རིང་མཉམ་འབྲེལ་གསར་ཁང་གིས་པེ་ཅིང་ནས་གནས་ཚུལ་སྤེལ་བ་ལྟར་ན་རི་ཉིལ་ས་དེའི་ཁུལ་གྱི་མི་དྲུག་སྟོང་ཙམ་ཉེན་གཡོལ་དུ་གནས་སྤོར་བྱུང་ཞིང་། གཟའ་ལྷག་པ་ཉིན་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་ཛ་དྲག་གི་ཉེན་སྐྱོབ་པ་བཏང་བ་ཡིན་ཞེས་གསལ་བསྒྲགས་བྱས་ཡོད་པ་རེད།

འདི་ག་རླུང་འཕྲིན་ཁང་ལ་ངོ་དེབ་ཐོག་ཏུ་དངོས་མིང་བརྗོད་འདོད་མེད་པའི་བོད་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པར་གཞིགས་ན་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་ས་གནས་ཀྱི་མི་དམངས་ལ་ས་རུད་ཀྱི་གོ་ཆག་བྱུང་བའི་གནས་ཚུལ་དང་འདྲ་པར་སོགས་ཕྱི་ལོགས་བརྒྱུད་བསྒྲགས་བྱེད་མི་ཆོག་ཅེས་བཀའ་བཏང་ནས་ས་གནས་མི་མང་གིས་ཕྱི་ལ་གནས་ཚུལ་ཤོད་ཕོད་ཀྱི་མེད་པ་རེད།

དེ་རིང་མཉམ་འབྲེལ་གསར་ཁང་གིས་པེ་ཅིང་ནས་ཡར་ཀླུངས་གཙང་པོའི་འགྲམ་དུ་ས་རུད་བྱུང་བའི་གནས་ཚུལ་ཐུང་ཐུང་ཞིག་བཀོད་པའི་གསར་འགྱུར་གྱི་འབྱུང་ཁུངས་ཀྱང་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་བརྒྱུད་ལམ་ཁག་ཡིན་པ་ལས་མཉམ་འབྲེལ་གསར་ཁང་གི་གསར་འགོད་པ་ཚོ་ས་གནས་རང་ལ་གནས་ཚུལ་རྒྱུས་ལོན་བྱེད་དུ་བསྐྱོད་ཐུབ་མེད་པར་མ་ཟད། ས་གནས་ཀྱི་བོད་པ་ཚོར་འབྲེལ་བྱས་ནས་འདྲི་རྩད་བྱས་པའི་སྐད་ཆ་གཅིག་ཀྱང་སྤེལ་མེད་པ་རེད།

བདུན་ཕྲག་སྔོན་མའི་གཟའ་ཕུར་བུ་ཉིན་བོད་ཀྱི་ཆུ་ཆེན་འབྲི་ཆུའི་ནང་དུ་རི་ཉིལ་ནས་འགགས། ཉེ་ཆར་གཟའ་ཟླ་བ་ཉིན་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་རང་དབང་ལས་འགུལ་ཚོགས་པ་ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གནས་ཚུལ་སྤེལ་བ་ལྟར་ན་ཁམས་འཇོ་མདའ་རྫོང་དུ་བྱུང་བའི་ས་རུད་རྣམས་གཟའ་ཟླ་བའི་ཉིན་གཙང་དག་བཟོ་ཐུབ་མེད་པས་འཁྱིལ་ཆུའི་མཐོ་ཚད་ཇེ་མཐོར་འགྲོ་བཞིན་ཡོད་པ་རེད། བོད་རང་དབང་ལས་འགུལ་ཚོགས་པས་ས་རུད་རྒྱག་ཡུལ་ནས་མི་བཞི་སྟོང་ལྷག་གནས་སྤོར་བྱ་དགོས་བྱུང་ཞིང་། ད་དུང་འབྲི་ཆུ་འགགས་པའི་ཉེ་ཁུལ་གྱི་རྫོང་ཁག་༡༠་ཡི་ནང་དུ་མི་༡༣༠༠༠་གནས་སྤོར་བྱས་ཡོད་པ་རེད། གོང་ཞུས་བོད་དོན་དོན་རྒྱབ་སྐྱོར་ཚོགས་པས་ས་རུད་དེ་རྒྱ་ནག་གིས་གཏེར་ཁ་སྔོག་འདོན་དང་འཛུགས་སྐྲུན་ལས་དོན་ཁག་ལ་འབྲེལ་བ་ཡོད་པའི་སྐྱོན་འཛུགས་བྱས་འདུག ཉེ་བའི་ལོ་ཤས་ནས་བཟུང་སྟེ་རྒྱ་ནག་གིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདོན་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པས་བོད་པ་ཚོར་རང་གི་ས་ཆ་སྲུང་སྐྱོབ་བྱེད་རྒྱུའི་གོ་སྐབས་མེད་པའི་གནས་སྟངས་གནས་འོག་ཏུ་ལྷུང་འདུག རྒྱ་ནག་གི་འཛུགས་སྐྲུན་གྱི་རྐྱེན་པས་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་ལ་གོ་ཆག་ཆེན་པོ་ཕོག་སྟེ་མི་རབས་ནས་མི་རབས་བར་དུ་བོད་ཀྱི་ས་ཐོག་ཏུ་འཚོ་གནས་བྱེད་མཁན་བོད་པ་ཚོ་ནམ་ཞིག་རང་ཡུལ་དུ་འཚོ་གནས་བྱ་ཡུལ་མེད་པར་འགྱུར་སྲིད་པའི་ཉེན་ཀ་ཡོད་པ་རེད།།

XS
SM
MD
LG