ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་སའི་དམིགས་བསལ་ཞུ་གཏུག་ལས་འགུལ།


༄༅།། བོད་དུ་འགྲུལ་བཞུད་བྱེད་པར་ཐོབ་ཐང་འདྲ་མཉམ་དགོས་པའི་ཁྲིམས་འཆར་དེར་རྒྱབ་སྐྱོར་འཐོབ་རྒྱུའི་ཆེད་དུ་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་གྱི་བོད་པ་ཚོས་ཨ་རིའི་གྲོས་ཚོགས་གོང་མར་དམིགས་བསལ་གྱི་ཞུ་གཏུག་ལས་འགུལ་ཞིག་སྤེལ་སོང་།

ཨ་མི་རི་ཀས་བོད་དོན་ཁྲིམས་འཆར་འདི་གཏན་འབེབས་བྱུང་བ་ཡིན་ན་རྒྱ་ནག་དང་ཨ་རིའི་འབྲེལ་ལམ་ཁྲོད་དུ་ཨ་མི་རི་ཀས་བོད་དོན་དེ་ཉིད་གནད་འགག་ཆེ་ཤོས་ཀྱི་ཁོངས་སུ་རྩི་བཞིན་པའི་བརྡ་ཞིག་བཏང་བ་མཚོན་ཐུབ་ལ། རྒྱལ་སྤྱིའི་རྒྱལ་ཁབ་གཞན་གྱིས་ཀྱང་ཨ་མི་རི་ཀར་མིག་དཔེ་བལྟས་ཏེ་རྒྱ་ནག་ལ་ཕྱི་འབྲེལ་འཛིན་ཕྱོགས་ཐད་དུ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ངེས་ཡིན་པའི་ངོས་འཛིན་བྱེད་བཞིན་འདུག

རྒྱ་ནག་གི་སྤྱི་དམངས་རྣམས་ཨ་རིར་རང་དབང་ལྡན་པའི་སྒོ་ནས་འགྲུལ་བཞུད་བྱེད་ཆོག་པ་ལྟར་ཨ་རིའི་སྤྱིད་དམངས་རྣམས་ཀྱང་བོད་ལ་འགྲུལ་བཞུད་བྱེད་ཆོག་པའི་ཐོབ་ཐང་འདྲ་མཉམ་དགོས་པའི་ཁྲིམས་འཆར་ཞིག་ལ་ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མར་རྒྱབ་སྐྱོར་ཐོབ་སྟེ་གྲོས་ཆོད་བཞག་པར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་དྲག་པོ་བྱེད་བཞིན་ཡོད་ཅིང་། རྒྱ་ནག་གཞུང་གིས་ཨ་རིའི་གཞུང་ཚབ་ཁག་ལ་གྲོས་ཚོགས་གོང་མར་བོད་དོན་ཁྲིམས་འཆར་གཏན་འབེབས་བྱ་དགོས་པའི་ལས་འགུལ་སྤེལ་གྱི་ཡོད་པར་ངོ་རྒོལ་བྱ་དགོས་པའི་སྐུལ་ལྕག་གཏོང་གི་ཡོད་པར་མ་ཟད། ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གཙོས་གསར་འགྱུར་བརྒྱུད་ལམ་ཁག་ཏུའང་རྩོམ་ཡིག་སྤེལ་ནས་གྲོས་ཚོགས་ཀྱིས་ཁྲིམས་འཆར་དེར་རྒྱབ་སྐྱོར་བྱ་མི་རུང་ཞེས་སྐུལ་ལྕག་གཏོང་གི་ཡོད་པ་རེད།

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་འོག་གཟའ་ལྷག་པའི་ཉིན་རྒྱལ་སའི་མངའ་ཁུལ་གྱི་བོད་པ་ཚོ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་བརྒྱ་ཐམ་པའི་ལས་ཁུངས་རེ་རེ་བཞིན་བཅར་ནས་བོད་དོན་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་དགོས་པའི་ཞུ་གཏུག་ལས་འགུལ་སྤེལ་སོང་། དེ་ཡང་སྤྱི་ཟླ་༡༠་ཚེས་༡༧་ཏེ། གཟའ་ལྷག་པའི་ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་རྒྱལ་སའི་མངའ་ཁུལ་གྱི་ཝྭིར་ཇི་ཎི་ཡ་དང་མེ་རི་ལན་ཌི་མངའ་སྡེའི་བོད་པ་ཚོ་གྲོས་ཚོགས་ཀྱི་ཐང་ཆེན་དུ་འཛོམས་ནས་ཐེངས་འདིའི་ཞུ་གཏུག་ལས་འགུལ་གྱི་དམིགས་ཡུལ་ངོ་སྤྲོད། ལྷག་པར་དུ་བོད་དོན་རྒྱབ་སྐྱོར་པ་དང་བོད་པ་ཚོས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བཟོ་སྒྲིག་བྱས་པའི་དྲ་ཚིགས་བརྒྱུད་ནས་ཨ་རིའི་མངའ་སྡེ་སོ་སོའི་གྲོས་ཚོགས་འཐུས་མི་ཚོའི་མཚན་ཐོག་ཏུ་བོད་དོན་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་དགོས་པའི་ཞུ་ཡིག་ལ་མཚན་རྟགས་འགོད་དགོས་པའི་འབོད་སྐུལ་ཞུས་སོང་། ཞུ་གཏུག་པ་ཚོས་ཨ་རིའི་མངའ་སྡེ་སོ་སོའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ལས་ཤོག་ཐོག་ཏུ་རང་རང་གི་གྲོས་ཚོགས་འཐུས་མི་ཚོར་བྲིས་པའི་ཞུ་འཕྲིན་ངོ་བཤུས་དང་དྲ་ལམ་དུ་བོད་དོན་རྒྱབ་སྐྱོར་པ་དང་བོད་པ་ཚོས་ཁྲིམས་འཆར་དེ་གཏན་འབེབས་ཡོང་ཐབས་ལ་འབོད་སྐུལ་གྱི་མཚན་རྟགས་བཀོད་པ་སྟོང་ཕྲག་གསུམ་ལྷག་བྱུང་ཡོད་པའི་ངོ་བཤུས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁྲིམས་འཆར་དེ་གལ་ཆེན་ཡིན་པའི་སྐོར་གྱི་དམིགས་བསལ་ཡིག་ཆ་བཅས་ཡིག་རིགས་ཁག་འཁྱེར་ནས་བོད་པ་༢༠་ལྷག་ཚོགས་ཁག་ཁ་ཤས་ལ་ཆ་བགོ་བྱས་ནས་གྲོས་ཚོགས་འཐུས་མི་བརྒྱ་ཐམ་པའི་ལས་ཁུངས་བརྒྱ་ལ་བཅར་ཏེ་ཡིག་ངག་གཉིས་ཐོག་ཏུ་ཞུ་གཏུག་བྱས་སོང་།

བོད་དུ་འགྲུལ་བཞུད་ཀྱི་ཐོབ་ཐང་འདྲ་མཉམ་དགོས་པའི་བོད་དོན་ཁྲིམས་འཆར་དབྱིན་སྐད་དུ་(Reciprocal Access to Tibet Act ) ཞེས་པ་འདི་གཙོ་བོ་རྒྱ་ནག་གི་མི་སེར་ཚོ་ཨ་རིར་རང་དབང་གིས་འགྲུལ་བཞུད་བྱེད་བཞིན་པ་ལྟར། ཨ་མེ་རི་ཀར་ཡོད་པའི་བོད་མི་ཚོ་གཙོས་བྱེད་པའི་ཨ་རིའི་མི་སེར་ཚོ་ཡང་རྒྱ་ནག་གཞུང་གིས་བོད་དུ་བསྐྱོད་པའི་ཐོབ་ཐང་དེ་ཕན་ཚུན་འདྲ་མཉམ་ཀྱིས་སྤྲོད་དགོས་པའི་ཁྲིམས་འཆར་ཞིག་ཡིན་པ་རེད། ལོ་ཤས་གོང་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཙོ་བྱེད་པའི་ལོ་རེ་རེར་ཨ་རིའི་མངའ་སྡེ་སོ་སོའི་བོད་མི་ཚོ་རྒྱལ་ས་ཝ་ཤིན་ཀྲོན་དུ་ཆེད་ཕེབས་ཀྱིས་སོ་སོའི་གྲོས་ཚོགས་འཐུས་མི་ཚོར་བོད་དོན་ཞུ་གཏུགས་ཐད་འབད་བརྩོན་ལྷོད་མེད་བྱུང་བ་ལྟར། ད་ལོའི་སྤྱི་ཟླ་༥ བར་ཨ་རིའི་གྲོས་ཚོགས་འོག་མར་ཁྲིམས་འཆར་བཏོན་པ་འདི་བཏོན་ཏེ་རྒྱབ་སྐྱོར་གཏན་འབེབས་བྱུང་བ་འདི་ནི་བོད་དོན་ཁྲིམས་འཆར་འདི་ཨ་རིའི་ཁྲིམས་ཀྱི་ངོ་བོར་འགྱུར་བར་གོམ་པ་དང་པོ་དེ་སྤོ་ཐུབ་ཡོད་པ་རེད།

XS
SM
MD
LG