ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཡེ་ཤུའི་བླ་ཆེན་རྒྱ་ནག་ལ་མགྲོན་འབོད།


༄༅།། རྒྱ་ནག་གི་ཡེ་ཤུ་ཆོས་དཔོན་གཉིས་ཆེས་ཐོག་མར་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་གྱི་ཚོགས་འདུར་ཞུགས། ཁོ་ཚོས་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་ཕོབ་མཆོག་ལ་མཇལ་འཕྲད་ཞུས་ནས་བླ་ཆེན་མཆོག་ལ་རྒྱ་ནག་ལ་འཚམས་ལ་འདྲིར་ཕེབས་དགོས་ཞེས་མགྲོན་འབོད་བྱས་ཀྱང་བླ་ཆེན་མཆོག་རྒྱ་ནག་ལ་འཚམས་འདྲིར་ཕེབས་རྒྱུའི་ཞལ་བཞེས་གནང་ཡོད་མེད་དང་། གལ་སྲིད་བླ་ཆེན་མཆོག་རྒྱ་ནག་ལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་འཚམས་འདྲི་ཞིག་ལ་ཕེབས་ན་གནས་སྟངས་གང་འདྲ་ཞིག་གི་འོག་ཏུ་ཕེབས་དགོས་མིན། རྒྱ་ནག་གཞུང་གིས་བླ་ཆེན་མཆོག་ལ་ཕེབས་བསུ་ཚད་གང་འདྲ་ཞིག་ཞུ་རྒྱུ་ཡིན་མིན་སོགས་ཀྱི་ཞིབ་ཕྲ་ཁག་ལ་གྲོས་བསྡུར་བྱུང་མེད་པ་རེད།

རྒྱ་ནག་གི་ཡེ་ཤུའི་ཆོས་དཔོན་ཇཱོ་སེབ་གོ་ཅིན་ཚེ་དང་ཇཱོན་དབྱང་ཞའོ་ཐིང་གཉིས་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་ལ་ཆེད་བཅར་གྱིས་འཛམ་གླིང་ཡུལ་གྲུ་ཁག་གི་ཡེ་ཤུའི་ཆོས་དཔོན་ཚོར་དུས་ཡུན་བདུན་གཉིས་རེའི་ཚོགས་འདུ་རིམ་པ་ཞིག་འཚོགས་བཞིན་པའི་ཚོགས་འདུ་སྐོར་ཐེངས་དང་པོར་ཞུགས། འདི་ནི་ཉེ་ཆར་ཕྱི་ཟླ་༩་ཚེས་༢༢་ཉིན་རྒྱ་ནག་དང་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་གྱི་འབྲེལ་བ་སླར་གསོ་བྱ་རྒྱུ་དང་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་ཡེ་ཤུའི་ཆོས་དཔོན་༧་ལ་གདན་ས་ཝྭེ་ཊི་ཁན་དང་བླ་ཆེན་ཕོབ་མཆོག་གི་ངོས་ལེན་གནང་རྒྱུ། རྒྱ་ནག་གཞུང་གིས་རང་ཡུལ་གྱི་ཡེ་ཤུ་ཆོས་དད་པ་རྣམས་ཀྱི་དབུ་ཁྲིད་བླ་ཆེན་ཕོབ་ཡིན་པ་ངོས་ལེན་བྱ་རྒྱུའི་གྲོས་མཐུན་བཞག་བའི་རྗེས་སུ་བྱུང་ཞིང་། རྒྱ་ནག་གི་ཆོས་དཔོན་གོ་ཅིན་ཚེ་ཡིས་ང་ཚོ་གདན་ས་ཝྭེ་ཊི་ཁན་གྱི་ཚོགས་འདུར་ཞུགས་པའི་སྐབས་འདིར་བླ་ཆེན་མཆོག་རྒྱ་ནག་ལ་ཕེབས་དགོས་པའི་གསོལ་བ་བཏབ་ཡོད། ང་ཚོས་བླ་ཆེན་ཕོབ་མཆོག་ལ་རེ་སྒུག་བྱེད་བཞིན་ཡོད་ཅེས་བཤད་འདུག

དེང་སྐབས་རྒྱ་ནག་ལ་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་རྗེས་འབྲང་བ་ས་ཡ་༡༢་ཙམ་ཡོད་པའི་མང་ཆེ་བ་སྲིད་གཞུང་གིས་བཙུགས་པ་མིན་པར་ཟུར་དུ་ཆོས་ཚོགས་བཙུགས་པ་དང་རང་ཁྱིམ་དུ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད་པ་ཞིག་ཡིན་པར་མ་ཟད། རྒྱ་ནག་གི་ཡེ་ཤུ་ཆོས་དད་པ་དེ་དག་གིས་བཙོན་འཇུག་དང་མནར་གཅོད། ལྷ་ཁང་གཏོར་བཤིག་སོགས་ཀྱི་དཀའ་སྡུག་ཁག་ལ་གདོང་ལེན་བྱས་ནས་གདན་ས་ཝྭེ་ཊི་ཁན་དང་བླ་ཆེན་ཕོབ་མཆོག་ལ་དད་པ་དམ་ཚིག་འགྱུར་བ་མེད་པར་གཞུང་གི་ཆོས་ཚོགས་ཁོངས་སུ་ཞུགས་ཀྱི་མེད་མོད། འོན་ཀྱང་ཟླ་བ་སྔོན་མར་རྒྱ་ནག་དང་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་གཉིས་ཀྱིས་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་པས་རྒྱལ་སྤྱིའི་ཐོག་ཏུ་བླ་ཆེན་ཕོབ་མཆོག་དང་གདན་ས་ཝྭེ་ཊི་ཁན་གྱིས་རྒྱ་ནག་གི་ཡེ་ཤུ་ཆོས་དད་པ་ཚོར་བློས་བཏང་སོང་ཞེས་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་ཅིང་། བླ་ཆེན་ཕོབ་མཆོག་དང་གདན་ས་ཝྭེ་ཊི་ཁན་གྱི་ལས་སྣེ་ཚོས་གྲོས་མཐུན་དེ་ཆོས་ཕྱོགས་ཀྱི་ལས་དོན་ཁོ་ནའི་ཆེད་དུ་ཡིན་པ་ལས་ཆབ་སྲིད་ལ་འབྲེལ་བ་མེད་ཅེས་བཀྲལ།

རྒྱ་ནག་གི་ཆོས་དཔོན་དེ་ཚོས་གདན་ས་ཝྭེ་ཊི་ཁན་དང་རྒྱ་ནག་གཞུང་གིས་མིང་རྟགས་བཀོད་པའི་གྲོས་མཐུན་དེར་ལོ་བཅུའི་རིང་དུ་གྲོས་བསྡུར་བྱས་ཡོད། ང་ཚོ་འདིར་ཚོགས་འདུར་བཅར་ཐུབ་རྒྱུ་མིའི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་ཡིན་རུང་ང་ཚོར་འདིར་དངོས་སུ་བཅར་ཐུབ་པ་རེད་ཅེས་རྒྱ་ནག་དང་གདན་ས་ཝྭེ་ཊི་ཁན་གྱི་གྲོས་མཐུན་དེར་བསྔགས་པ་བརྗོད། ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་དང་བླ་ཆེན་ཕོབ་མཆོག་གིས་རྒྱ་ནག་ལ་ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་གཏོང་རྒྱུ་གནད་འགག་ཆེན་པོ་ཞིག་ལ་བརྩིས་ཏེ་རྒྱ་ནག་ལ་གུ་བཤངས་ཆེན་པོ་བྱས་ཀྱང་རྒྱ་ནག་གཞུང་གིས་གདན་ས་ཝྭེ་ཊི་ཁན་ལ་རྒྱ་ནག་གི་ཆོས་ལུགས་ལས་དོན་དེར་ཐེ་གཏོགས་ཅི་ཙམ་བྱེད་དུ་འཇུག་རྒྱུ་ཡིན་མིན་ངེས་བྲལ།

བདུན་ཕྲག་འདིའི་གཟའ་ཕུར་བུའི་ཉིན་བླ་ཆེན་ཕོབ་མཆོག་གིས་གདན་ས་ཝྭེ་ཊི་ཁན་དུ་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་ལ་ཐུག་འཕྲད་བྱེད་ཀྱི་ཡོད་པ་དང་། སྲིད་འཛིན་མུན་ཅེ་དབྱིན་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་བླ་ཆེན་མཆོག་བྱང་ཀོ་རི་ཡར་ཕེབས་དགོས་ཞེས་མགྲོན་ཤོག་ཅིག་བསྐུར་ཡོད་པ་མཉམ་དུ་འཁྱེར་ཡོད་སྐད། ལོ་རྗེས་མར་བླ་ཆེན་ཕོབ་མཆོག་ཉི་ཧོང་ལ་འཚམས་འདྲིར་ཕེབས་རྒྱུ་གཏན་ཁེལ་ཡོད་ཀྱང་རྒྱ་ནག་དང་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་འཆར་ཡོད་མེད་གདན་ས་ཝྭེ་ཊི་ཁན་གྱི་ལས་སྣེ་གླེང་སློང་ཅི་ཡང་བྱས་མེད་པ་རེད།

འདི་ཙམ་ན་ཐེ་ཝན་གཞུང་གིས་བླ་ཆེན་ཕོབ་མཆོག་ཐེ་ཝན་མཚོ་གླིང་ལ་ཕེབས་དགོས་ཞེས་གདན་འདྲེན་ཞུས་འདུག་ཅིང་། བླ་ཆེན་མཆོག་གིས་གདན་ས་ཝྭེ་ཊི་ཁན་གྱི་ཚོགས་འདུའི་ཞོར་དུ་ཐེ་ཝན་གྱི་སྲིད་འཛིནགཞོན་པ་ཁྲེན་ཅན་རེན་ལའཁྱུག་ཙམ་རིང་དུ་མཇལ་འཕྲད་གནང་སྟེ་སྲིད་འཛིན་ཚེ་དབྱིན་ཝེན་འཚམས་འདྲི་ཞུ་རོགས་ཞེས་བཀའ་མངགས་གནང་བ་དང་། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ངོ་དེབ་བརྒྱུད་ནས་བླ་ཆེན་མཆོག་གིས་འཚམས་འདྲིར་གནང་བར་བཀའ་དྲིན་ཆེ། གདན་ས་ཝྭེ་ཊི་ཁན་དང་བླ་ཆེན་མཆོག་གིས་རང་དབང་དང་དྲང་བདེན། འཛམ་གླིང་ཞི་བདེའི་དོན་དུ་མཛད་འཕྲིན་རྒྱ་ཆེན་ཞིག་སྐྱོང་བཞིན་པར་ཐེ་ཝན་གཞུང་དམངས་གཉིས་ཀས་ཕྱོགས་གང་ཐད་དུ་རྒྱབ་སྐྱོར་དང་མཉམ་རོགས་བྱ་འཆར་ཡོད། སྲིད་འཛིན་གཞོན་པ་ཁྲེན་ཅན་རེན་གྱིས་བླ་ཆེན་མཆོག་ཐེ་ཝན་ལ་ཕེབས་དགོས་ཞེས་གདན་འདྲེན་ཞུས་པ་ཤིན་ཏུ་ལེགས་ཞེས་བསྔགས་བརྗོད་བྱས་མོད། འོན་ཀྱང་རྒྱ་ནག་གཞུང་དང་གདན་ས་ཝྭེ་ཊི་ཁན་གྱིས་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་མ་ཐག་ཡིན་པས་བླ་ཆེན་མཆོག་གིས་རྒྱ་ནག་ལ་འཛེམ་ཟོན་མ་བྱས་པར་ཐེ་ཝན་ལ་འཚམས་འདྲིར་ཕེབས་ཐུབ་རྒྱུ་ཡིན་མིན་བཤད་དཀའ་བའི་གནས་སུ་གྱུར་ཏོ།།

XS
SM
MD
LG