ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

སི་རི་ཡའི་ནང་འཁྲུག


༄༅།།དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་སི་རི་ཡར་ནང་འཁྲུག་ལངས་ནས་ལོ་༧་འདས་པའི་རྗེས་སུ་མི་༣༥༠༠༠༠་ལྷག་ལ་སྲོག་སྐྱོན་ཕོག་པ་དང་མི་༥༦༩༠༠་ཙམ་ཞིག་འཆི་གསོན་ཅི་ཡིན་རྙེད་ཀྱི་མེད་པ། མི་༡༠༠༠༠༠་ཡས་མས་ཤིག་ལ་སྲོག་སྐྱོན་ཕོག་ཀྱང་གོང་གི་འཆི་སྐྱོན་ཕོག་པའི་མིའི་གྲངས་འབོར་ཁོངས་སུ་འདུས་མེད་ཅིང་། ད་དུང་སི་རི་ཡའི མི་ས་ཡ་༡༡་ལྷག་ཕྱིའི་རྒྱལ་ཁག་ལ་སྐྱབས་བཅོལ་དུ་བྲོས་ཏེ་ཡུ་རོབ་རྒྱལ་ཁབ་འཇར་མན་ཎི་གཅིག་པུས་སི་རི་ཡའི་སྐྱབས་བཅོལ་བ་ས་ཡ་གཅིག་ལྷག་བླངས། སི་རི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཏུར་ཀི་དང་ལེ་བྷ་ནན། འཇོར་ཌན་དང་ཨི་ཇེབ། ཨི་རཀ་སོགས་ཀྱི་སྐྱབས་བཅོལ་བའི་སྡོད་སྒར་ཁག་ཏུ་སི་རི་ཡའི་སྐྱབས་བཅོལ་བ་ས་ཡ་༡༣་དང་ཕྱེད་ཀ་ལྷག་ལ་འཚོ་གནས་བྱེད་བཞིན་པ་དེ་དག་ལ་འཚོ་བའི་དམིགས་སྒོ་མེད་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱོབ་གསོ་རོགས་རམ་འབའ་ཞིག་ལ་བརྟེན་འདུག དེང་སྐབས་སི་རི་ཡའི་རྒྱལ་ཡོངས་སུ་དམག་འཁྲུག་གི་གཏོར་བཤིག་མ་ཕོག་པའི་ཁང་པ་གཅིག་དང་རྒྱ་ལམ་གཅིག གྲོང་ཁྱེར་དང་གྲོང་རྡལ་ཞིག་ནི་ཧ་ལམ་མཐོང་དཀོན་པའི་ཚད་དེར་སླེབས་ཀྱང་སི་རི་ཡའི་ནང་འཁྲུག་དེ་ཉིད་མཇུག་བསྒྲིལ་ཐུབ་རྒྱུའི་རྣམ་པ་མེད་པས་སི་རི་ཡའི་ནང་འཁྲུག་འདི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་འཛམ་གླིང་འདིར་བྱུང་མྱོང་མེད་པའི་འགྲོ་བ་མིའི་ཆག་སྒོ་ཆེན་པོ་ཞིག་ཏུ་གྱུར་འདུག

སི་རི་ཡའི་ནང་འཁྲུག་འགོ་ཚུགས་སྟངས།

ཕྱི་ལོ་༢༠༠༠་ལོར་སི་རི་ཡའི་སྲིད་འཛིན་ཨ་ས་ཐེས་སྲིད་དབང་བཟུང་སྟེ་རྒྱལ་ཁབ་དེའི་སྤྱི་ཚོགས་སུ་མི་མང་ལས་ཤོར་པའི་གྲངས་འབོར་ཇེ་མང་དང་དཔལ་འབྱོར་ཉམས་རྒུད། སྲིད་གཞུང་གི་འགོ་ཁྲིད་ཚོ་ལྐོག་ཟ་རུལ་སུངས་སུ་གྱུར་པ་དང་སི་རི་ཡའི་ཆབ་སྲིད་ལ་སྒྱུར་བཅོས་མ་བཏང་བར་སྲིད་འཛིན་སྔོན་མ་ཧ་ཧྥེ་སི་ཨལ་ཨ་ས་ཐེ་འདས་གྲོངས་སུ་གྱུར་ཀྱང་བུ་རྒན་པ་བྷ་ཤཱར་ཨ་ས་ཐེ་ལ་སྲིད་དབང་རྩིས་སྤྲོད་བྱས་ནས་རྒྱལ་ཁབ་དེར་ཁྱིམ་རྒྱུད་གཅིག་གིས་དབང་སྒྱུར་བྱེད་ཀྱི་ཡོད་པར་སི་རི་ཡའི་མི་དམངས་རྣམས་འདོད་བློ་མ་ཚིམས་པར་རྒྱལ་ཁབ་དེར་ཟིང་འཁྲུག་འབྱུང་སླ་བའི་ས་བོན་ཞིག་བཏབ། ༢༠༡༡་ལོའི་མགོ་སྟོད་ནས་ཨ་རབ་རྒྱལ་ཁབ་ཁག་དང་ཨ་ཧྥི་རི་ཀའི་བྱང་ཕྱོགས་ཀྱི་ཁ་ཆེ་རྒྱལ་ཁབ་ཁག་ལ་མི་དམངས་ཀྱི་གྱེན་ལོག་གསར་བརྗེ་ལངས། ལོ་དེའི་ཕྱི་ཟླ་༣་པར་སི་རི་ཡའི་དམངས་གཙོ་དོན་གཉེར་པ་ཚོས་རང་ཡུལ་ལ་དམངས་གཙོའི་སྒྱུར་བཅོས་གཏོང་དགོས་ཞེས་རྒྱལ་ཁབ་དེའི་ལྷོ་ཕྱོགས་སུ་ཆགས་པའི་ཌེ་ར་གྲོང་ཁྱེར་དུ་ལས་འགུལ་སྤེལ། དེར་བརྟེན་སི་རི་ཡའི་གཞུང་གིས་དམག་བཏང་ནས་མི་དམངས་ཀྱི་དམངས་གཙོའི་ལས་འགུལ་དེར་དྲག་གནོན་བྱས་པས་སི་རི་ཡའི་རྒྱལ་ཡོངས་སུ་སྲིད་འཛིན་ཨ་ས་ཐེ་རང་གི་ལས་གནས་ནས་གནང་བ་ཞུ་དགོས་ཞེས་ངོ་རྒོལ་བྱ་རྒྱུ་རྒྱལ་ཁབ་ཏུ་ཁྱབ་སོང་། སི་རི་ཡའི་གཞུང་གིས་མི་དམངས་ཀྱི་ངོ་རྒོལ་ལས་འགུལ་ལ་དྲག་གནོན་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་བཏང་སྟེ་སི་རི་ཡའི་ཕྱོགས་འགལ་ཚོགས་པའི་རྒྱབ་སྐྱོར་པ་ཚོས་ཐོག་མར་མཚོན་ཆ་བཟུང་ནས་རང་ཉིད་སྲུང་སྐྱོབ་བྱས་ཀྱང་རིམ་བཞིན་སྲིད་གཞུང་དང་ཕྱོགས་འགལ་ཚོགས་པའི་ནང་འཁྲུག་ཅིག་ལ་གྱུར། སྲིད་འཛིན་བྷ་ཤཱར་ཨ་ས་ཐེས་སི་རི་ཡའི་ཕྱོགས་འགལ་ཚོགས་པའི་ཚོགས་མི་རྣམས་ཕྱིའི་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཐོབ་པའི་འཇིགས་སྐུལ་རིང་ལུགས་པ་ཡིན་པས་འཇིགས་སྐུལ་རིང་ལུགས་པ་རྣམས་རྩ་མེད་གཏོང་དགོས་ཞེས་དྲག་གནོན་བྱས་ནས་ནང་འཁྲུག་འདི་མགོ་བརྩམས།

སི་རི་ཡའི་ནང་འཁྲུག་དང་དེའི་རྙོག་འཛིང་།

ད་ལྟ་སི་རི་ཡའི་ནང་འཁྲུག་ནི་སྲིད་འཛིན་ཨ་ས་ཐེ་ལ་རྒྱབ་སྐྱོར་དང་སྲིད་འཛིན་ཨ་ས་ཐེ་དང་དེའི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་ཤོག་ཁག་གཉིས་ཀྱི་ནང་འཁྲུག་ཙམ་མིན་ཞིང་། དཔེར་ན་ལོ་༧་གྱི་དམག་འཁྲུག་གི་རྗེས་སུ་སི་རི་ཡའི་ནང་འཁྲུག་དེ་ཁ་ཆེའི་སུ་ཎི་ཆོས་རྒྱུད་ཀྱི་རྗེས་འཇུག་པ་དང་ཤི་ཡ་ཆོས་རྒྱུད་ཀྱི་རྗེས་འཇུག་པ། ཁ་ཆེ་རྒྱལ་ཁམས་དང་ཨལ་ཁེ་དྷ་སོགས་འཇིགས་སྐུལ་རིང་ལུགས་པའི་ཚོགས་སྡེ་ཁག སི་རི་ཡའི་མངའ་ཁོངས་སུ་ཡོད་པའི་ཀུར་དི་མི་རིགས་ཀྱི་རང་སྲིད་རང་སྐྱོང་གི་འཐབ་རྩོད། ཨུ་རུ་སུ་དང་ཨི་རན། ལེ་བྷ་ནན་གྱི་ཨི་ཛི་བྷུ་ལ་ཤོག་ཁག ཨི་རཀ་དང་ཨབ་གྷ་ཎི་སི་ཐན། ཡེ་མན་བཅས་ཀྱི་ཤི་ཡ་ཆོས་རྒྱུད་ཀྱི་ཡུལ་དམག་ལ་ཨི་རན་གྱིས་དམག་སྦྱོང་སྤྲད་ནས་སི་རི་ཡའི་སྲིད་གཞུང་དང་སྲིད་འཛིན་ཨ་ས་ཐེ་ལ་རྒྱབ་སྐྱོར་བྱེད་དུ་འཇུག་གི་ཡོད་ཅིང་། ཏུར་ཀི་དང་སོ་ཌི་ཨ་རེ་བྷི་ཡ་གཙོས་དཀྱིལ་ཤར་ས་ཁུལ་གྱི་སུ་ཎི་ཆོས་རྒྱུད་ཀྱི་རྗེས་འཇུག་པ་གྲངས་མང་ཡིན་པའི་རྒྱལ་ཁབ་ཁག་གིས་སི་རི་ཡའི་སུ་ཎི་ཆོས་རྒྱུད་ཀྱི་རྗེས་འཇུག་པ་གྱེན་ལོག་ཤོག་ཁག་ལ་རྒྱབ་སྐྱོར། ཨ་མི་རི་ཀ་དང་དབྱིན་ཇི། ཧྥ་རན་སི་དང་དེ་མིན་གྱི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སི་རི་ཡའི་མངའ་ཁོངས་སུ་འདུས་པའི་ཀུར་དི་མི་རིགས་ཀྱི་རང་དབང་འཐབ་རྩོད་པ་དང་ཕྱོགས་འགལ་ཚོགས་པའི་འཐབ་མོ་བ་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་མ་ཟད། འཇིགས་སྐུལ་རིང་ལུགས་པའི་ཚོགས་སྡེ་ཁག་གིས་སི་རི་ཡར་ནང་འཁྲུག་ལངས་པའི་གོ་སྐབས་བཟུང་སྟེ་རྒྱལ་ཁབ་དེའི་ས་ཐོག་ཏུ་ཁྲིམས་མགོ་རང་བཙན་གྱི་མངའ་ཁོངས་བཅད་བཟུང་བྱས་ནས་འཐབ་འཁྲུག་སློང་གི་ཡོད་ཅིང་། ཨི་སི་རལ་གྱི་དམག་གིས་ཨི་རན་དང་ལེ་བྷ་ནན་གྱི་ཧི་ཛི་བྷུ་ལ་ཤོག་ཁག་གི་ཡུལ་དམག་རྣམས་སི་རི་ཡའི་ནང་འཁྲུག་ལ་ཞུགས་ཀྱི་ཡོད་པ་འགོག་ཐབས་སུ་སི་རི་ཡའི་དམག་ས་ཁག་ལ་གནམ་དམག་གིས་གཏོར་རྒོལ་བྱས་སི་རི་ཡའི་དམག་འཁྲུག་ཛ་དྲག་ཆེ་རུ་བཏང་སྟེ། ད་ལྟ་སི་རི་ཡའི་ནང་འཁྲུག་ནི་རྒྱལ་སྤྱིའི་འཁྲུག་རྩོད་ཅིག་དང་རྒྱལ་མང་རུབ་འཛིང་གི་ཁེ་ཕན་རྩོད་པའི་དམག་འཁྲུག་ཅིག་ཏུ་གྱུར་འདུག

སི་རི་ཡའི་སྲིད་གཞུང་མགོ་རྟིང་སློག་མི་ཐུབ་དོན།

སི་རི་ཡའི་ནང་འཁྲུག་ལ་ཐེ་གཏོགས་བྱེད་མཁན་མང་པོ་དང་ཕྱོགས་འགལ་ཚོགས་པར་རྒྱབ་སྐྱོར་པ་མང་པོ་ཡོད་པའི་རྣམ་པ་ཞིག་མངོན་རུང་སྲིད་འཛིན་ཨ་ས་ཐེའི་སྲིད་གཞུང་མགོ་རྟིང་སློག་ཐུབ་མེད་ཅིང་། ད་ལྟ་སི་རི་ཡའི་གྱེན་ལོག་པའི་དབང་སྒྱུར་འོག་ཏུ་ཚུད་པའི་ས་གནས་ཕལ་ཆེ་བ་སྲིད་གཞུང་གིས་ཕྱིར་བསྡུ་བྱས་ནས་མང་ཆེ་བ་ཤོར་ཟིན། སི་རི་ཡའི་གྱེན་ལོག་པ་ཚོ་ཕམ་ཉེས་སོང་སྟེ་སྲིད་འཛིན་ཨ་ས་ཐེ་ལ་རྣམ་པར་རྒྱལ་བའི་རྒྱལ་ཁ་ཞིག་འཐོབ་རྒྱུའི་རྣམ་པ་ཞིག་མངོན་འདུག འདི་ནི་ཨུ་རུ་སུ་དང་ཨུ་རན་གཉིས་ཀྱིས་མི་རྒྱུ་གཉིས་ཀས་འགྲོ་གྲོན་ཆེན་པོ་བཏང་བ་དང་དངོས་ཤུགས་བརྒྱུད་གསུམ་ནས་སི་རི་ཡའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་པའི་གྲུབ་འབྲས་ལོས་ཡིན། ཕར་ཕྱོགས་དེར་སི་རི་ཡའི་གྱེན་ལོག་པ་ཚོར་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག ཏུར་ཀི་དང་སོ་ཌི་ཨ་རེ་བྷི་ཡ་སོགས་ཀྱིས་མངོན་སུམ་འཛེམ་མེད་དང་མི་རྒྱུ་གཉིས་ཀྱི་རྒྱབ་སྐྱོར་ནུས་ཤུགས་ཐོན་པ་ཞིག་མ་བྱས་པས་སི་རི་ཡའི་གཞུང་དམག་ལ་གྱེན་ལོག་པ་གཉིས་ལ་སྟོབས་ཤུགས་ཆ་མཉམ་མེད་པའི་ཁྱད་པར་ཤོར། ལྷག་པར་དུ་སི་རི་ཡའི་སྲིད་འཛིན་ཨ་ས་ཐེས་གྱེན་ལོག་པའི་ས་ཁུལ་ཁག་ལ་རྫས་འགྱུར་མཚོན་ཆས་གཏོར་རྒོལ་བྱེད་དགོས་པའི་བཀའ་བཏང་སྟེ་རྒྱལ་ཁབ་དེའི་ཕྱོགས་འགལ་ཚོགས་པར་གཏོར་བཅོམ་ཚབས་ཆེན་ཕོག ཨ་མི་རི་ཀ་དང་མཉམ་འབྲེལ་རྒྱལ་ཚོགས། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སི་རི་ཡའི་སྲིད་འཛིན་ཨ་ས་ཐེས་རྫས་འགྱུར་མཚོན་ཆ་བཀོལ་སྤྱོད་བྱས་ཀྱང་དེ་ལ་ཉེས་ཆད་དྲག་པོ་ཞིག་གཅོད་མ་ཐུབ་པ་དང་། ལོ་ཤས་གོང་དུ་སི་རི་ཡའི་གཞུང་གིས་རང་གི་རྫས་འགྱུར་མཚོན་ཆ་མེད་པར་བཏང་བ་ཡིན་ཞེས་རྒྱལ་སྤྱིའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཀྱང་རྫས་འགྱུར་མཚོན་ཆ་ཁག་ཅིག་ལྐོག་ཏུ་སྦས་འཇོག་བྱས་ཡོད་པ་བཅས་ལ་ཐུག་ཡོད་པ་རེད།།

XS
SM
MD
LG