ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་ཁབ་ལྔའི་གསང་བའི་ལས་ཁང་མཉམ་འབྲེལ།


༄༅།། རྒྱ་ནག་གི་གསང་བའི་ལས་ཁང་གི་གསང་ཉུལ་རྣམས་སློབ་ཕྲུག་དང་ཞིབ་འཇུག་པ། ཚོང་པ་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་ཀྱི་རྣམ་པར་བརྫུས་ནས་ཨ་མི་རི་ཀ་དང་ཁེ་ན་ཌ། ཨོ་གླིང་རྒྱལ་ཁབ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་བཏང་ནས་ཚན་རིག་ལག་རྩལ་དང་དམག་དོན། དཔལ་འབྱོར་དང་ཚོང་ལས། ནོར་སྲིད་བཅས་ཀྱི་གསང་བའི་གནས་ཚུལ་འདྲ་མིན་ཞིག་རྐུ་འཁྱེར་བྱེད་ཀྱི་ཡོད་པས་ཨོ་གླིང་རྒྱལ་ཁབ་དང་དབྱིན་ཇི། ཁེ་ན་ཌ་དང་ནེའུ་ཟི་ལན་ཌི། ཨ་མི་རི་ཀ་བཅས་ཀྱི་གསང་བའི་ལས་ཁང་ལྔ་མཉམ་འབྲེལ་བྱས་ནས་རྒྱ་ནག་གི་གསང་ཉུལ་ལ་འཐབ་རྒོལ་བྱ་རྒྱུ། ད་དུང་ཉི་ཧོང་དང་འཇར་མན་ཎིའི་གསང་བའི་ལས་ཁང་ཁག་ལའང་གོང་འཁོད་རྒྱལ་ཁབ་ལྔའི་གསང་བའི་ལས་ཁང་ཁག་གིས་གནས་ཚུལ་མཁོ་སྤྲོད་བྱེད་ཕྱོགས་སུ་མཉམ་འབྲེལ་བྱེད་ཀྱི་ཡོད་ཅིང་། ཨ་མི་རི་ཀ་དང་ཨོ་གླིང་རྒྱལ་ཁབ་སོགས་ཀྱི་གསང་བའི་ལས་ཁང་ཁག་གིས་དམིགས་པ་གཏོད་ས་གཙོ་བོ་ཞིག་རྒྱ་ནག་གི་གསང་ཉུལ་རྣམས་ཡིན་རུང་ཨུ་རུ་སུའི་གསང་བའི་ལས་ཁང་གི་གསང་ཉུལ་ཚོ་ལའང་དོ་སྣང་བྱ་དགོས་ཐུག་ཡོད་པ་སྟེ། རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་རྒྱལ་ཁབ་བཞིའི་རྒྱལ་སར་གནས་སྡོད་བྱེད་མཁན་རྒྱལ་ཁབ་བཞིའི་གསང་བའི་ལས་ཁང་ཁག་གི་མཐོ་རིམ་ལས་སྣེ་༧་ལ་སྐད་ཆ་དྲིས་ནས་ཤེས་རྟོགས་བྱུང་བར་གཞིགས་ན་༢༠༡༨་ཀྱི་མགོ་སྟོད་ནས་མཐུན་གྲོགས་རྒྱལ་ཁབ་ལྔའི་གསང་བའི་ལས་ཁང་དང་ཉི་ཧོང་། འཇར་མན་ཎི་བཅས་ཀྱི་གསང་བའི་ལས་ཁང་ཁག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཁྱབ་ཡོད་པའི་རྒྱ་ནག་གི་གསང་ཉུལ་ཚོར་ཞིབ་འཇུག་བྱས་ནས་རྩད་གཅོད་བྱུང་བ་རྣམས་ཕན་ཚུན་མཁོ་སྤྲོད་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་ཅེས་ངེས་གཏན་བྱས་འདུག

གསར་འགོད་པར་མིང་དངོས་སུ་བརྗོད་འདོད་མེད་པའི་གཞུང་འབྲེལ་མི་སྣ་དེ་ཚོས་མཐུན་གྲོགས་རྒྱལ་ཁབ་ལྔའི་གསང་བའི་ལས་ཁང་ཁག་གིས་རྒྱ་ནག་གི་གསང་ཉུལ་ཚོར་ཇི་ལྟར་ལྟ་རྟོག་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གི་གསང་ཉུལ་ཚོས་ཕྱི་རྒྱལ་གྱི་གསང་བའི་གནས་ཚུལ་ཅི་ཞིག་མཁོ་སྒྲུབ་བྱེད་ཀྱི་ཡོད་མེད། རྒྱ་ནག་གི་གསང་བའི་ལས་ཁང་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྤྱི་ཚོགས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཐབས་བྱེད་ཀྱི་ཡོད་པ་གསལ་བོར་བཤད་ན་དགེ་མཚན་མེད། ང་ཚོས་ཨུ་རུ་སུའི་གསང་བའི་ལས་ཁང་གི་སོ་མྱུལ་ཚོ་ལའང་ལྟ་རྟོག་བྱེད་བཞིན་ཡོད། ང་ཚོ་ཚོགས་འདུ་ཚོགས་རེ་བཞིན་དུ་རྒྱ་ནག་གིས་གསང་བའི་ལས་ཁང་གིས་ཕྱི་རྒྱལ་ལ་གསང་ཉུལ་གྱི་ལས་དོན་སྤེལ་ཕྱོགས་རྒྱ་ཆེ་རུ་བཏང་ཡོད་པར་རྟག་ཏུ་གྲོས་བསྡུར་བྱེད་བཞིན་ཡོད། ལོ་ཤས་གོང་དུ་ང་ཚོ་མཐུན་གྲོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་གསང་ཉུལ་ལ་ཁ་གཏད་གཅོག་དགོས་ཀྱིན་འདུག་ཅེས་གྲོས་བསྡུར་ཙམ་དང་ཐུན་མོང་གི་བློ་འཚབ་ཙམ་གླེང་མོད། ད་ལྟ་རྒྱ་ནག་གི་གསང་ཉུལ་ཚོར་འགོག་རྒོལ་བྱ་རྒྱུ་ཐུན་མོང་གི་ལས་འགན་ཞིག་དང་འཆར་གཞི་ཞིབ་ཕྲ་ཡོད་པ། ལས་དོན་དངོས་སུ་ལག་ལེན་བསྟར་ནས་མཉམ་སྒྲུབ་བྱེད་ཀྱི་ཡོད་པ་ཞིག་ལ་གྱུར་ཡོད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་བྱས་ཡོད་པ་རེད།

ཨ་མི་རི་ཀ་དང་ཨོ་གླིང་རྒྱལ་ཁབ་སོགས་ཀྱིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་མ་རྩ་བཙུགས་ནས་ཚོང་གཉེར་གྱི་ཡོད་པ་དེར་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་པ་དང་རྒྱ་ནག་གི་ཚོང་པ་ཚོས་བཙུགས་པའི་མ་རྩའི་འབྱུང་ཁུངས་མང་པོ་ཞིག་རྒྱ་ནག་གཞུང་དང་རྒྱ་ནག་གི་གསང་བའི་ལས་ཁང་ཁག་ལ་འབྲེལ་བ་ཡོད་པར་མ་ཟད། རྒྱ་ནག་གི་ཚོང་པ་ཚོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྲིད་དོན་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་ཚོ་དང་སྲིད་དོན་པ། སློབ་གྲྭ་ཆེ་ཁག་དང་ཉམས་ཞིབ་ལས་ཁང་ཁག་སོགས་ལ་དངུལ་སྒོར་ཞལ་འདེབས་སྤྲད་ནས་རྒྱ་ནག་གི་ཁེ་ཕན་སྒྲུབ་ཀྱི་ཡོད་པ་དང་། ད་དུང་ནུབ་ཕྱོགས་ཀྱི་གསར་འགྱུར་ལས་ཁང་ཁག་ལའང་རྒྱ་ནག་གིས་འགྲོ་གྲོན་བཏང་ནས་ཁྱབ་བསྒྲགས་སྤེལ་རྒྱུ། ནུབ་ཕྱོགས་ཀྱི་སློབ་ཆེན་ཁག་དང་ཉམས་ཞིབ་ལས་ཁང་ཁག་ཏུ་རྒྱ་ནག་གི་ཁེ་ཕན་ལ་གནོད་པའི་བགྲོ་གླེང་དང་དཔྱད་རྩོམ་སྒྲོགས་སྦྱང་བྱ་རྒྱུ་འགོག་ཐབས་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གཞུང་གིས་སྐྱོན་འཛུགས་དེ་ཚོར་ངོས་ལེན་བྱེད་ཀྱི་མེད་པ་རེད།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀར་ཨང་དང་པོར་འཛིན་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་ཏེ་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་མེད་ཀྱང་ཨ་མི་རི་ཀ་གཅིག་པུས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ཡིན་ཟེར་གྱི་ཡོད་མོད། འོན་ཀྱང་ཨ་མི་རི་ཀའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་རྒྱ་ནག་གི་གསང་བའི་ལས་ཁང་ལ་འཐབ་རྒོལ་བྱ་དགོས་པའི་མཉམ་འབྲེལ་འབད་བརྩོན་བྱ་རྒྱུ་གཙིགས་སུ་བཟུང་ཞིང་། རྒྱ་ནག་གིས་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་གྱི་བར་དུ་འགལ་ཟླ་བསླངས་ནས་རྒྱ་ནག་དང་ཡུ་རོབ་རྒྱལ་ཁབ་ཁག་གི་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་ཐབས་ཇུས་ཤིག་བཟུང་རུང་དེ་ལ་ལམ་ལྷོངས་བྱུང་མེད་ཅིང་། ཧྥ་རན་སིའི་གསང་བའི་ལས་ཁང་གིས་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ལྔའི་གསང་བའི་ལས་ཁང་ཁག་ལ་ཐད་ཀར་འབྲེལ་བ་མེད་ཀྱང་ཧྥ་རན་སི་དང་ཨ་མི་རི་ཀ ཧྥ་རན་སི་དང་ཨོ་གླིང་རྒྱལ་ཁབ། ཧྥ་རན་སི་དང་དབྱིན་ཇི་སོགས་ལ་ཐད་ཀར་འབྲེལ་བ་དམ་ཟབ་ཡོད་པ་དང་། ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ལྔའི་མཉམ་འབྲེལ་གསང་བའི་ལས་ཁང་འཛམ་གླིང་དམག་ཆེན་གཉིས་པའི་གཞུག་དེར་ཨུ་རུ་སུ་ལ་ཁ་གཏད་གཅོག་པའི་ཆེད་དུ་བཙུགས་པ་ཞིག་ཡིན་པས་འཇར་མན་ཎི་དང་ཉི་ཧོང་སོགས་རྒྱལ་ཁབ་ལྔའི་གསང་བའི་ལས་ཁང་གི་ཚོགས་འདུར་མགྲོན་འབོད་བྱས་མེད་པ་རེད།

སྲིད་འཛིན་ཞིས་ཅིན་ཕིང་གི་དབང་སྒྱུར་འོག་ཏུ་རྒྱ་ནག་གིས་ཕྱི་ལ་མ་རྩ་བཙུགས་པ་དང་གནོན་ཤུགས་སྤྲོད་པ། བསླུ་བྲིད་བྱེད་པ་སོགས་ཐབས་ཇུས་སྣ་ཚོགས་ཤིག་ལ་བརྟེན་ནས་རྒྱལ་ཁབ་གཞན་གྱི་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཐབས་དང་རྒྱལ་ཁབ་གཞན་གྱི་མི་དམངས་ལ་རྒྱ་ནག་གི་ཐོག་ཏུ་ལྟ་ཚུལ་བཟང་པོ་ཡོད་པའི་བག་ཆགས་འཇོག་ཐབས་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ། ན་ནིང་ལོ་མཇུག་དེར་ཨོ་གླིང་རྒྱལ་ཁབ་ཀྱིས་རང་གི་ནང་སྲིད་དང་ཆབ་སྲིད་ལ་རྒྱལ་ཁབ་གཞན་གྱིས་ཐེ་གཏོགས་བྱེད་ཀྱི་ཡོད་པ་ཚོད་འཛིན་བྱ་དགོས་པའི་ཁྲིམས་ཤིག་གཏན་འབེབས་བྱས་པ་དང་། ཨོ་གླིང་རྒྱལ་ཁབ་ཀྱི་དམིགས་ས་གཙོ་བོ་རྒྱ་ནག་གིས་མ་རྩ་བཙུགས་ནས་རྒྱལ་ཁབ་དེའི་ནང་སྲིད་དང་ཆབ་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པ་འགོག་ཐབས་ཡིན་འདུག

XS
SM
MD
LG