ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༢/༡༥

ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ལ་ཕེབས་པ།


༄༅།། ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ལ་ཕེབས་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་ཐུག་འཕྲད་གྲོས་མོལ་བྱས་པ་དང་། རྒྱ་ནག་གི་འགོ་ཁྲིད་ཚོས་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་པ་དང་ཐེ་ཝན་ལ་རྒྱབ་སྐྱོར་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་གཏོང་གི་འདུག རྒྱ་ནག་གིས་སྔར་བཞིན་ཨ་མི་རི་ཀར་རྒྱབ་སྐྱོར་བྱས་ནས་བྱང་ཀོ་རི་ཡར་གནོན་ཤུགས་སྤྲོད་ཀྱིན་ཡོད། དེང་སྐབས་པེ་ཅིང་དང་ཝ་ཤིང་ཊོན་གྱི་འབྲེལ་བ་བཟང་པོ་མེད་པའི་འབྱུང་རྩ་ཨ་མི་ཀར་ཐུག་ཡོད་ཅེས་སྐྱོན་བརྗོད་དྲག་པོ་བྱས་ཀྱང་ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་དང་ཨ་མི་རི་ཀ་གཉིས་མི་མཐུན་པའི་འགལ་ཟླ་འབྱུང་ས་ནི་རྩ་བའི་རྩ་དོན་ཞིག་ལ་ཐུག་ཡོད། ང་ཚོས་རྒྱ་ནག་གི་འགོ་ཁྲིད་ཚོར་འགལ་ཟླ་དེ་དག་སེལ་ཐབས་སུ་གྲོས་མོལ་ལྷུག་པོ་བྱ་འཆར་ཡོད་ཅེས་ལན་འདེབས་བྱས་འདུག

ཐོག་མར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་འབྲེལ་བ་བཟང་པོ་ཞིག་བཟུང་ནས་ཞིས་ཅིན་ཕིང་ངའི་གྲོགས་པོ་ཡིན་ཞེས་གཏམ་བཤད་ལན་མང་བྱས་ཏེ་རྒྱ་ནག་ལ་བསྟུན་མཁས་ཀྱི་སྲིད་ཇུས་ཤིག་འཛིན་རྒྱུའི་རྣམ་འགྱུར་བསྟན་རུང་རིམ་བཞིན་སྲིད་ཇུས་དེར་འགྱུར་བ་ཐེབས། ད་ལྟ་སྲིད་འཛིན་ཌོ་ནལ་ཊམ་གྱི་གཞུང་གིས་རྒྱ་ནག་ལ་འགྲན་རྩོད་དང་ཁ་གཏད་གཅོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་སྟེ། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གི་འཕྲུལ་རིག་དང་ཚན་རིག་ལག་རྩལ་རྣམས་རྒྱ་ནག་གིས་འཕྲོག་ཐབས་བྱེད་ཀྱི་ཡོད་པར་སྲུང་སྐྱོབ་དང་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་གྱི་བཟོ་ཚོང་ལས་ཁང་ཁག་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པར་བཀག་འགོག ཨ་མི་རི་ཀས་ཐེ་ཝན་ལ་རང་སྲུང་གི་མཚོན་ཆ་བཙོངས་པ་དང་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་ཀྱི་ཡོད་པར་ཨ་མི་རི་ཀས་ཁ་གཏད་གཅོག་པར་དམག་གྲུ་དང་དམག་གི་གནམ་གྲུ་བཏང་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་གཡེང་བྱས་པ། ཨ་མི་རི་ཀས་ཨུ་རུ་སུ་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་ཀྱི་ཡོད་ཀྱང་རྒྱ་ནག་གིས་ཨུ་རུ་སུ་ནས་མཚོན་ཆ་ནང་འདྲེན་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་ཕྱི་ཟླ་༡༡་པའི་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མའི་འོས་འདེམས་ལ་རྒྱ་ནག་གིས་ཐེ་གཏོགས་བྱེད་ཀྱི་ཡོད་པ་སོགས་ཕྱོགས་གཉིས་ཀྱི་གཞི་རྩའི་འགལ་ཟླ་རྣམས་སེལ་ཐུབ་ཀྱི་མེད་པ་རེད།

ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ལ་ཐུག་འཕྲད་གྲོས་མོལ་བྱས་པའི་རྗེས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་དབྱང་ཅེ་ཊི་ལ་ཐུག་འཕྲད་ཀྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་བར་རྒྱ་ནག་གིས་བྱང་ཀོ་རི་ཡར་སྔར་བཞིན་གནོན་ཤུགས་སྤྲོད་རྒྱུའི་ཁས་ལེན་བྱེད་ཀྱི་ཡོད་ཅིང་། གཟའ་ཉི་མ་དེར་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་རྒྱལ་ས་ཕིང་དབྱང་དུ་ཐུག་འཕྲད་གྲོས་མོལ་བྱས་ནས་ཐེངས་འདིའི་གྲོས་མོལ་ལ་གྲུབ་འབྲས་གང་ལེགས་བྱུང་སོང་ཞེས་གསར་འགོད་གསལ་བསྒྲགས་སྤེལ། ཡིན་ནའང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་དེ་ལ་དོན་དམ་གྱི་གྲོས་མོལ་ཅི་ཡང་བྱུང་མེད་པ་དང་ཉམས་ཞིབ་པ་ཚོས་བྱང་ཀོ་རི་ཡས་ཨ་མི་རི་ཀར་གྲོས་མོལ་བྱེད་ཀྱི་ཡོད་ཅེས་རྣམ་འགྱུར་བཟང་པོ་ཞིག་བསྟན་ནས་ལྐོག་ཏུ་རྡུལ་ཕྲན་མཚོན་ཆ་ཡར་རྒྱས་གཏོང་གི་འདུག ད་ལྟ་བྱང་ཀོ་རི་ཡར་མང་ན་རྡུལ་ཕྲན་མཚོན་ཆ་༦༠་ཙམ་དང་ཉུང་ན་རྡུལ་ཕྲན་མཚོན་ཆ་༢༠་ཙམ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། བྱང་ཀོ་རི་ཡ་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྷོ་ཀོ་རི་ཡ་དང་ཉི་ཧོང་ལའང་འཚམས་འདྲིར་ཕེབས་ཏེ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་དེར་གྲོས་མོལ་ཡག་པོ་བྱུང་སོང་ཞེས་བཤད། འོན་ཀྱང་གྲོས་མོལ་ཡག་པོ་ཇི་ལྟར་བྱུང་བ་རྣམས་ཕྱིར་བསྒྲགས་བྱས་མེད་པ་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཕྱོགས་གཉིས་ཀས་ལས་དོན་ཚོགས་ཆུང་བཙུགས་ཏེ་ཀིམ་ཇུང་ཨུན་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པ་དེའི་ས་གནས་དང་ཚེས་གྲངས་སོགས་གཏན་འབེབས་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

སྤྱིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་རྣམས་རྒྱ་ནག་ལ་འཚམས་འདྲིར་ཕེབས་དུས་རྒྱ་ནག་གི་སྲིད་འཛིན་གྱིས་མཇལ་འཕྲད་གནང་གི་ཡོད་པ་སྟེ། ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ལ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་བྱས་མོད། ཡིན་ནའང་ཐེངས་འདིར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེར་མཇལ་འཕྲད་མ་གནང་ཞིང་། དེ་ལས་ལྡོག་སྟེ་ཞིས་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་གྱི་མཚན་ཐོག་ཏུ་བྱང་ཀོ་རི་ཡར་གང་མགྱོགས་འཚམས་འདྲིར་གང་ཕེབས་རྒྱུའི་ཆབ་བསྒྲགས་བྱས་ཏེ་རྒྱ་ནག་གིས་བྱང་ཀོ་རི་ཡར་སྲིད་འཛིན་པའི་སྲིད་ཇུས་ལ་རྩ་བའི་ཆ་ནས་འགྱུར་ལྡོག་ཅིག་ཐེབས་ཡོད་པའི་རྣམ་འགྱུར་བསྟན། དཔེར་ན་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས་སུ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་རྒྱ་ནག་ལ་མགྲོན་འབོད་མ་བྱས་པ་དང་ཞིས་ཅིན་ཕིང་བྱང་ཀོ་རི་ཡར་འཚམས་འདྲིར་མ་ཕེབས་པ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་རྒྱུད་སྐུལ་འོག་ཏུ་རྒྱ་ནག་གིས་བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་དང་དཔལ་འབྱོར་བཀག་སྡོམ་གྱི་སྲིད་ཇུས་ལག་ལེན་བསྟར། ཨ་རི་དང་རྒྱ་ནག་གཉིས་ལ་ཚོང་དམག་ཅིག་ལངས་པའི་རྗེས་སུ་རྒྱ་ནག་གིས་བྱང་ཀོ་རི་ཡར་འཛིན་པའི་སྲིད་ཇུས་ལ་འགྱུར་ལྡོག་བཏང་སྟེ་རྒྱ་ནག་གིས་བྱང་ཀོ་རི་ཡར་ཚོང་ལས་དང་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཀལ་ཡོད་པ་ཕྱིར་འཐེན་བྱ་སྲིད་པའི་རྣམ་པ་ཞིག་ཐོན་འདུག་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG