ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཉི་ཧོང་གི་དམག་གྲུ་ཞིག་སིངྒ་ལར་སྐོར་སྐྱོད།


༄༅།།རྒྱ་ནག་དང་ཉི་ཧོང་གི་འགལ་ཟླ་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་འབྲེལ་བ་ཡར་རྒྱས་དང་ཤུགས་རྐྱེན་ཐེབས་རྒྱུ་ནི་རྒྱ་ནག་དང་ཉི་ཧོང་གིས་འགྲན་རྩོད་བྱ་ཡུལ་གསར་པ་ཞིག་ཏུ་གྱུར་ཡོད་ཅིང་། དཔེར་ན་ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གིས་སིངྒ་ལར་ཨ་སྒོར་དུང་ཕྱུར་མང་པོ་མ་རྩ་བཙུགས་ནས་གྲུ་ཁ་དང་གནམ་ཐང་གསར་པ། མེ་འཁོར་ལྕགས་ལམ་དང་རྒྱ་ལམ་སོགས་འཛུགས་སྐྲུན་བྱས་ནས་རྒྱ་ནག་གི་ཤུགས་རྐྱེན་སིངྒ་ལར་རྒྱ་སྐྱེད་གཏོང་ཐབས་དང་ཉི་ཧོང་གི་ཤུགས་རྐྱེན་གཅོག་ཐབས་བྱེད་ཀྱི་ཡོད་པ་དང་། ཉི་ཧོང་གིས་ལོ་མང་སྔོན་ནས་སིངྒ་ལར་སྐྱེད་ཀ་དམའ་བའི་དངུལ་སྒོར་བུ་ལོན་བསྐྱིས་ནས་རྒྱལ་ཁབ་དེའི་འཛུགས་སྐྲུན་ཡར་རྒྱས་དང་ཚོང་འབྲེལ་སྐྱེད། སིངྒ་ལ་ཡུ་རོབ་གླིང་དང་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་ཚོང་ལམ་གྱི་འབབ་ཚུགས་གནད་འགག་ཅན་ཞིག་ལ་སྒྱུར་ཐབས། གཟའ་མཇུག་དེར་ཉི་ཧོང་གི་འཐད་འཕུར་གནམ་གྲུ་འཁྱེར་པས་ཀ་གྷ་དམག་གྲུ་ཆེན་མོ་སིངྒ་ལའི་རྒྱལ་ས་ཀོ་ལོམ་བྷོའི་གྲུ་ཁར་བབས་ཏེ་ཉི་ཧོང་གིས་དམག་དོན་འཐབ་ཇུས་ཐོག་ཏུ་རྒྱ་ནག་ལ་ཁ་གཏད་མངོན་གསལ་དོད་པོ་ཞིག་གཅོག་རྒྱུའི་རྣམ་འགྱུར་བསྟན་འདུག

རྒྱ་ནག་གིས་སིངྒ་ལར་འབྲེལ་བ་ཡར་རྒྱས་གཏོང་གི་ཡོད་པ་དེར་དམིགས་ཡུལ་འགའ་ཞིག་ཡོད་པ་སྟེ། སིངྒ་ལ་དང་རྒྱ་གར་གཉིས་ལ་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས། ས་ཁམས་ཆགས་ཡུལ་དང་ཚོང་ལས། རྒྱལ་སྲུང་བཅས་ཀྱི་འབྲེལ་བ་དམ་ཟབ་ཡོད་པ་འགལ་ཟླ་སློང་ཐབས། སིངྒ་ལ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་དཔལ་འབྱོར་ཚོང་ལམ་གྱི་དཀྱིལ་འཁོར་དུ་བསྡུས་ནས་ལྷོ་རྒྱ་ནག་རྒྱ་མཚོ་ནས་རྒྱ་གར་རྒྱ་མཚོ་དང་དེ་ནས་པ་ཀི་སི་ཐན་བརྒྱུད་ནས་ཨ་རབ་རྒྱ་མཚོ་བར་གྱི་མཚོ་ལམ་རྣམས་རྒྱ་ནག་གིས་སྟངས་འཛིན་བྱ་རྒྱུ། ད་སྔ་ཉི་ཧོང་གིས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པར་རྒྱ་ནག་གིས་ཨེ་ཤི་ཡའི་རྒྱལ་ཁབ་དེ་ཚོར་གདམ་ཀ་གསར་པ་ཞིག་སྤྲོད་རྒྱུ། རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས། ཁྲོམ་ར་བཅས་པ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་རྒྱ་སྐྱེད་གཏོང་ཐབས་བྱེད་ཀྱི་ཡོད་པར་མ་ཟད། ཕྱི་ལོ་༢༠༥༠་ཡས་མས་སུ་རྒྱ་ནག་གི་མཚོ་དམག་འཛམ་གླིང་གི་དེང་རབས་ཅན་གྱི་མཚོ་དམག་གི་དཔུང་སྡེ་ཞིག་ལ་བསྒྱུར་རྒྱུའི་དམིགས་ཡུལ་བཅངས་ཡོད་པས་རྒྱ་ནག་དང་ཉི་ཧོང་གཉིས་ཀས་མཚོ་དམག་གི་སྟོབས་ཤུགས་ངོམ་རེས་བྱ་རྒྱུ་འགོ་ཚུགས། ཉི་ཧོང་གི་སྲིད་འཛིན་ཤིན་ཛོ་ཨ་བྷེའི་འགོ་ཁྲིད་འོག་ཏུ་ཉི་ཧོང་གི་དཔལ་འབྱོར་དང་ཚན་རིག་ལག་རྩལ། དམག་དོན་བཅས་ཀྱི་སྟོབས་ཤུགས་ཕྱི་ལ་ཁྱབ་གདལ་གཏོང་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་རེད།

ཉི་ཧོང་གཞུང་གིས་རྒྱ་གར་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་ནས་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་ལ་རང་དབང་ཚོང་ལས་ཀྱི་གྲོས་མཐུན་ཞིག་འཇོག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད་ཅིང་། རྒྱལ་སྤྱིའི་མཚོ་ལམ་གྱི་བདེ་འཇགས་དང་རང་དབང་སྲུང་སྐྱོབ་ནི་མཚོ་གླིང་རྒྱལ་ཁབ་ཉི་ཧོང་དང་སིངྒ་ལ་ལྟ་བུར་མཚོན་ན་ཧ་ཅང་གནད་འགག་ཆེན་པོ་ཡིན་ཞེས་ཉི་ཧོང་གི་དམག་གྲུ་དེའི་དེད་དཔོན་གྱིས་བཤད། ཁོ་ཚོས་སིངྒ་ལར་སྐྱོད་པའི་ལམ་དུ་ཧྥི་ལིན་ཕིན་དང་ཨིན་རྡུ་ནེ་ཤི་ཡའི་མཚོ་དམག་དང་དབྱིན་ཇིའི་མཚོ་དམག་གི་མཉམ་དུ་མཉམ་འབྲེལ་དམག་སྦྱོང་བྱས་ནས་སིངྒ་ལའི་རྒྱལ་ས་ཀོ་ལོམ་བྷོའི་གྲུ་ཁ་དེར་འཚམསའདྲིར་འབྱོར་འདུག

སྲིད་དོན་ཉམས་ཞིབ་པ་ཚོས་ཉི་ཧོང་གི་དམག་གྲུ་ཞིག་སིངྒ་ལར་སྐོར་སྐྱོད་བྱས་པ་ཉི་ཧོང་གིས་རང་ཉིད་བློ་གཏད་བཅོལ་ཆོག་པའི་མཐུན་གྲོགས་རྒྱལ་ཁབ་ཅིག་ཡིན་པའི་རྣམ་འགྱུར་སྟོན་ཐབས་ཡིན་པ་དང་། དེང་སྐབས་རྒྱ་ནག་གིས་སིངྒ་ལ་དང་བལ་ཡུལ། པ་ཀི་སི་ཐན་སོགས་ལྷོ་ཨེ་སི་ཡའི་རྒྱལ་ཁབ་ཁག་ལ་ཤུགས་རྐྱེན་ཐེབས་རྒྱུ་ཤུགས་ཆེ་རུ་སོང་སྟེ་སིངྒ་ལའི་སྲིད་དོན་ཚོགས་པ་ཁག་ཅིག་ལ་བློ་འཚབ་ཡོང་གི་ཡོད་པ་སྟེ། ལོ་ཤས་གོང་ནས་སིངྒ་ལའི་གཞུང་གིས་རྒྱ་ནག་ལ་བུ་ལོན་ཆད་ཡོད་པ་འཇལ་ཐབས་སུ་སིངྒ་ལའི་ལྷོ་ཕྱོགས་ཀྱི་ཧམ་བྷན་ཏོ་ཏ་གྲུ་ཁག་རྒྱ་ནག་ལ་གཉེར་སྐྱོང་བྱེད་དུ་བཅུག་ནས་ཨ་སྒོར་དུང་ཕྱུར་བཅོ་ལྔའི་བུ་ལོན་གྱི་རྩིས་བརྒྱབ་པར་སིངྒ་ལའི་སྤྱི་ཚོགས་སུ་ངོ་རྒོལ་འབྱུང་གི་ཡོད་པ་དང་། རྒྱ་ནག་གཞུང་གིས་བུ་ལོན་འཇལ་ཐུབ་ཀྱི་མེད་པའི་རྒྱལ་ཁབ་ཁག་གི་གྲུ་ཁ་དང་གནམ་ཐང་། མེ་འཁོར་ལྕགས་ལམ་དང་རྒྱ་ལམ་སོགས་བཀོལ་སྤྱོད་བྱས་ནས་བུ་ལོན་བསྡུ་ཐབས་བྱེད་ཀྱི་ཡོད་པས་ཨ་ཧྥི་རི་ཀ་དང་སིངྒ་ལ་ལྟ་བུའི་རྒྱལ་ཁབ་ཁག་ཅིག་རྒྱ་ནག་གི་བུ་ལོན་འོག་ནས་ཐར་གྱི་མེད་པ་རེད།།

XS
SM
MD
LG