ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡུ་གུར་བ་དབུས་གཞུང་གི་འགོ་ཁྲིད་ཅིག་ལ་ཞིབ་བཤེར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཡུ་གུར་བ་རྒྱ་ནག་དབུས་གཞུང་གི་མཐོ་རིམ་འགོ་ཁྲིད་ནུའུ་ཨར་པད་ཁི་ལི་ཞེས་པ་ཞིག་ལ་ཁྲིམས་འགལ་དང་སྒྲིག་འགལ་གྱི་ལས་ཀ་བྱས་ཡོད་པའི་ཉེས་མིང་འོག་ཏུ་རྒྱ་ནག་དབུས་ཞིབ་བཤེར་ལྷན་ཁང་དང་དབུས་ལྟ་རྟོག་ལས་ཁུངས་སོགས་ཀྱིས་བརྟག་དཔྱད་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག དེ་རིང་སྤྱི་ཟླ་༩་པའི་ཚེས་༢༡་ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན་ནུའུ་ཨར་པད་ཁི་ལི་ནི་རྒྱ་ནག་དབུས་ནུས་ཤུགས་སྡེ་ཚན་གྱི་འགོ་ཁྲིད་གཙོ་བོ་ཡིན་ཞིང་། ཁོ་པས་ཁྲིམས་འགལ་བྱས་ལུགས་ཀྱི་གནས་ཚུལ་དེ་རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་སྤེལ་རུང་ནུའུ་ཨར་པད་ཁི་ལིས་ངོ་མར་ཁྲིམས་འགལ་གྱི་ནག་ཉེས་ཅི་ཞིག་བསགས་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ཅི་ཡང་སྤེལ་མེད་པ་རེད། རྒྱ་ནག་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན་ནུའུ་ཨར་པད་ཁི་ལི་ནི་༡༩༦༡་ལོར་ཞིན་ཅང་དུ་སྐྱེས། ད་ལྟ་ལོ་ན་༥༧་ལ་སོན་པ་དང་སྔོན་ཆད་ཞིན་ཅང་གི་རྒྱལ་ས་ཝུ་རུ་མུ་ཆི་གྲོང་ཁྱེར་གྱི་འགོ་ཁྲིད་གཙོ་བོ་དང་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཞོན་པ་བཅས་ཀྱི་ལས་འགན་ཁུར། དེང་སྐབས་ཁོང་གིས་རྒྱ་ནག་དབུས་གཞུང་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ཞེས་པའི་འགོ་ཁྲིད་གཞོན་པ་དང་དབུས་ནུས་ཤུགས་སྡེ་ཚན་གྱི་འགོ་ཁྲིད་གཙོ་བོ་བཅས་ཀྱི་ལས་འགན་གཅིག་ལྕོགས་སུ་འཁུར་བཞིན་པ་རེད། ཁོ་པས་སྤྱི་ལོ་༢༠༡༤་ལོའི་ཟླ་བ་༣་པའི་ཚེས་༦་ཉིན་ཚོགས་པའི་རྒྱ་ནག་གི་རྒྱལ་ཡོངས་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་ཐེངས་གཉིས་པའི་སྟེང་དུ་གཏམ་བཤད་སྤེལ་དོན། མི་ཉུང་ཤས་ཤིག་གིས་རྟག་ཏུ་ཞིན་ཅང་དེ་རླབས་ཆེི་བའི་མེས་རྒྱལ་གྱི་མངའ་ཁོངས་ནས་ཁ་བྲལ་གཏོང་རྒྱུའི་རྨི་ལམ་གཏོང་གི་འདུག་མོད། ཁོ་ཚོའི་དམིགས་ཡུལ་ནི་མངོན་དུ་འགྱུར་མི་སྲིད། དུས་གཏན་དུ་མངོན་འགྱུར་འབྱུང་མི་སྲིད། ང་ཚོར་ཞིན་ཅང་ཁ་བྲལ་བྱ་རྒྱུ་མངོན་འགྱུར་མི་འབྱུང་བའི་ཡིད་ཆེས་ཟབ་མོ་ཡོད་ཅེས་བཤད་འདུག གཞན་ཡང་ཁོ་པས་ལོ་དེའི་ཟླ་༤་པར་ཞིན་ཅང་ཉིན་རེའི་ཚགས་པར་ཐོག་ཏུ་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ནང་དུའང་རྒྱ་ནག་དབུས་དམར་ཕྱོགས་ཚོགས་པའི་འགོ་ཁྲིད་ཀྱི་འོག་ཏུ་ཞིན་ཅང་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཞིན་ཅང་གི་མིའི་སྡོད་ཁང་དང་ལས་ཀ སློབ་གསོ་དང་སྤྱི་ཚོགས་འགན་སྲུང་སོགས་ཕྱོགས་གང་ཐད་དུ་ལེགས་བཅོས་བྱུང་ཡོད་ཅེས་བརྗོད། ཡང་རྩོམ་ཡིག་དེའི་ནང་དུ་ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་པའི་བསམ་བློ་ནི་སྤྱི་ཚོགས་ཀྱི་ནད་དུག་ལྟ་བུ་ཞིག་ཡིན་པས་ནད་དུག་དེ་མ་སེལ་བར་དུ་ཞིན་ཅང་ལ་ནམ་ཡང་བདེ་འཇགས་ཡོང་ཐབས་མེད་ཅེས་བརྗོད་ཡོད་པར་མ་ཟད།་རྒྱ་ནག་གཞུང་གིས་མི་རིགས་ཁ་བྲལ་བའི་ཉེས་མིང་བཏགས་ནས་དགེ་རྒན་ཆེན་མོ་ཨིལ་ཧམ་དྷོ་ཏི་ལ་ཚེ་བཙོན་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད། ཨར་པད་ཁི་ལིས་རྒྱ་ནག་གི་ཚོགས་ཆེན་གཉིས་ཀྱི་ཚོགས་སྐབས་སུ་གསར་འགོད་པ་ཚོར་ཨིལ་ཧམ་དྷོ་ཏི་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཞིག་རེད། ཁོ་པས་དུས་ཡུན་རིང་པོ་ཞིག་ལ་ཕྱི་ལོགས་ཀྱི་ཁ་བྲལ་བ་དང་འབྲེལ་བ་བྱས་ནས་མི་རིགས་ཁ་བྲལ་གཏོང་རྒྱུ་དང་སྲིད་གཞུང་མགོ་རྟིང་སློག་རྒྱུའི་ངན་སྐུལ་བྱས་འདུག ཁོ་པ་མི་རིགས་ཁ་བྲལ་ཚོགས་པའི་མི་སྣ་གཙོ་བོ་ཞིག་ཡིན་པས་ཁྲིམས་དང་མཐུན་པའི་ཐོག་ནས་ཁྲིམས་ཐག་བཅད་པ་ཞིག་རེད། རྒྱ་ནག་ནི་ཁྲིམས་ཀྱིས་སྐྱོང་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པས་ང་ཚོས་ཁྲིམས་དང་མཐུན་པའི་སྒོ་ནས་ཨིལ་ཧམ་དྷོ་ཏིར་ཁྲིམས་ཐག་བཅད་ཡོད། ཁོ་པའི་ཁྲིམས་མཐུན་གྱི་ཁེ་དབང་ལ་སྲུང་སྐྱོབ་བྱས་ཡོད་ཅེས་བཤད་འདུག ཨིལ་ཧམ་དྷོ་ཏིས་དྲྭ་ལམ་གྱི་ཞིན་ཅང་ཞེས་པའི་དྲ་ཚིགས་གསར་བཙུགས་ནས་སྤྱི་ལོ་༢༠༠༩་ལོར་དྲྭ་ཚིགས་དེའི་སྟེང་དུ་ནུའུ་ཨར་པེ་ཁི་ལི་ནི་ནུས་མེད་ཅིག་རེད་ཅེས་སྐྱོན་བརྗོད་བྱས་པ་དང་ཞིན་ཅང་དུ་བྱུང་བའི་བདུན་པའི་ཚེས་ལྔའི་ངོ་རྒོལ་ཆེན་མོའི་རྗེས་སུ་ནུའུ་ཨར་པད་ཁི་ལིས་རྒྱ་ནག་གཞུང་ལ་ངོ་དགའ་བྱས་ཏེ་དྲང་པོ་བྱས་མ་སོང་ཞེས་དྲ་ཚིགས་སུ་བཀོད། དེ་བརྟེན་དྲ་ལམ་གྱི་ཞིན་ཅང་ཟེར་པའི་དྲ་ཚིགས་ནི་ཨིལ་ཧམ་དྷོ་ཏིས་ཁ་བྲལ་གྱི་དྲིལ་བསྒྲགས་དང་འཆལ་གཏམ་ཁྱབ་བསྒྲགས་བྱ་ས་ཞིག་རེད་ཅེས་ནག་ཉེས་བཙུགས། ནུའུ་ཨར་པད་ཁི་ལི་ནི་ད་ལྟའི་བར་དུ་རྒྱ་གཞུང་གིས་ཞིན་ཅང་ས་ཁུལ་དུ་དམ་དྲག་བྱེད་ཀྱི་ཡོད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པས་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཁག་ཅིག་གིས་ཁོ་པ་རྒྱ་ནག་གཞུང་གི་རྒྱུག་ཁྱི་དང་ལག་རོགས་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG