ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ལྷོ་བྱང་ཀོ་རི་ཡའི་གྲོས་མཐུན།


༄༅།། གཟའ་འཁོར་འདིར་ལྷོ་ཀོ་རི་ཡའི་སྲིད་འཛིན་མུ་ཅེ་དབྱིན་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས། ཕྱི་ཟླ་༩་ཚེས་༢༠་ཉིན་ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་གཉིས་དང་བཟའ་ཟླ་རྣམ་པ། ཕྱོགས་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་ཚོ་རྒྱ་ནག་དང་བྱང་ཀོ་རི་ཡའི་ས་མཚམས་སུ་ཆགས་པའི་རི་བོ་མཐོ་ཤོས་ཏེ། མཐོ་ཚད་ཧྥི་ཊི་༩༠༠༠་ཡོད་པའི་ཀོ་རི་ཡའི་བླ་རི་རྩ་ཆེན་པེཀ་ཏུ་རི་བོའི་རྩེ་ལ་གནས་སྐོར་དུ་ཕེབས་ཤིང་། ངག་རྒྱུན་གྱི་བཤད་ཚུལ་ལ་ཀོ་རི་ཡའི་མི་རིགས་དེ་ཉིད་པེཀ་ཏུ་རི་བོའི་འདབས་སུ་འགྲོ་བ་ཆགས་ནས་འཕེལ་རྒྱས་སོང་། བྱང་ཀོ་རི་ཡའི་དམར་ཤོག་འགོ་ཁྲིད་ཀིམ་མིལ་སུང་གིས་པེཀ་ཏུ་རི་བོ་ནས་ཉི་ཧོང་གི་དབང་སྒྱུར་ལ་འཐབ་རྒོལ་གྱི་འཇབ་དམག་མགོ་བརྩམས། བྱང་ཀོ་རི་ཡའི་འགོ་ཁྲིད་གཉིས་པ་ཀིམ་ཇུང་ཨིལ་པེཀ་ཏུ་རི་བོའི་སྤོར་དུ་སྐྱེས་པའི་བཤད་སྲོལ་ཞིག་འཇགས།

བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་ལ་ལྷོ་ཀོ་རི་ཡའི་མི་དམངས་རྣམས་ཀྱང་པེཀ་ཏུ་རི་བོར་གནས་སྐོར་དུ་ཡོང་ཐུབ་པའི་རེ་བ་ཡོད་ཅེས་བཤད་ཡོད་པར་མ་ཟད། གཟའ་ལྷག་པའི་དགོང་མོར་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་བྱང་ཀོ་རི་ཡའི་མི་དམངས་འབུམ་༡་དང་ཕྱེད་ཀ་ལྷག་ལ་ང་ཚོ་ཀོ་རི་ཡའི་མི་རིགས་འདིར་ལོ་སྟོང་ཕྲག་ལྔའི་ལོ་རྒྱུས་ཡོད། ལོ་སྟོང་ཕྲག་ལྔའི་རིང་ལ་ཀོ་རི་ཡའི་མི་རིགས་འདི་ལོ་རྒྱུས་གཅིག་དང་རིག་གཞུང་གཅིག པེཀ་ཏུ་རི་བོ་ནི་ཀོ་རི་ཡའི་མི་རིགས་ཀྱིས་ཐུན་མོང་གི་བླ་རི་ཞིག་ལ་བཀུར། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཀོ་རི་ཡའི་མི་རིགས་འདི་ལྷོ་བྱང་གཉིས་སུ་གྱེས་ནས་ལོ་༧༠་འདས། རྒྱལ་ཁབ་དང་མི་རིགས་ཤིག་གི་ལོ་རྒྱུས་ལ་མཚོན་ན་ལོ་༧༠་ཐམ་པ་ཅི་ཡང་མ་རེད་ཅེས་ལྷོ་བྱང་ཀོ་རི་ཡ་གཉིས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག སྐད་ཡིག་གཅིག་དང་རིག་གཞུང་གཅིག་ཡིན་པ་གཙིགས་སུ་བཟུང་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་བའི་གཏམ་བཤད་བྱས་འདུག

ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་ལ་འོས་འདེམས་ཀྱི་རྒྱལ་ཁབ་ཐོབ་ནས་བཟུང་སྟེ་བྱང་ཀོ་རི་ཡར་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར། ཁོང་གིས་སྲིད་འཛིན་ཟུར་པ་ཕག་གེང་ཧེའི་དུས་སུ་བྱང་ཀོ་རི་ཡར་དགྲར་འཛིན་དང་བཙན་དྲག་གི་སྲིད་ཇུས་ཤིག་བཟུང་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་བར་སྒྱུར་བཅོས། མུན་ཅེ་དབྱིན་གྱིས་ཨ་མི་རི་ཀ་དང་བྱང་ཀོ་རི་ཡ། ཉི་ཧོང་དང་བྱང་ཀོ་རི་ཡ་བཅས་ཐུན་མོང་གི་འབྲེལ་བ་ཡར་རྒྱས་གཏོང་མ་ཐུབ་ཀྱང་ལྷོ་བྱང་ཀོ་རི་ཡའི་ནང་ཁུལ་གྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་འབད་བརྩོན་བྱས་ནས་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས། ཐེངས་འདིའི་ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་རྣམ་པའི་ཐུག་འཕྲད་གྲོས་མོལ་སྐབས་སུ་དམག་དོན་དང་དཔལ་འབྱོར། སྤྱི་ཚོགས་ཀྱི་འབྲེལ་བ་བཅས་ལས་རིགས་ཆེན་པོ་གསུམ་ཡར་རྒྱས་གཏོང་རྒྱུའི་གྲོས་འཆམ་བྱུང་ཞིང་། དམག་དོན་དང་དཔལ་འབྱོར། སྤྱི་ཚོགས་ཀྱི་འབྲེལ་བ་རྣམས་ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་བརྟན་པོ་དང་རྒྱུན་འཁྱོངས། ཕྱོགས་གཉིས་ཀྱི་སྲིད་གཞུང་དང་མི་དམངས་ལ་ཡིད་ཆེས་བསྐྲུན་རྒྱུའི་དམིགས་ཡུལ་ཞིག་ཡིན་འདུག

དམག་དོན་གྱི་གྲོས་མཐུན། ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་རྣམ་པས་ཕྱི་ལོ་༢༠༡༨་མཇུག་མ་བསྒྲིལ་གོང་དུ་ཕྱོགས་གཉིས་ཀྱི་ས་མཚམས་སུ་བཙུགས་ཡོད་པའི་དམག་གི་སོ་ཁང་༡༡་ཕྱི་འཐེན་བྱ་རྒྱུ། ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་དམག་འཁྲུག་གི་ཛ་དྲག་ཡོད་པ་ཞི་འཇམ་གཏོང་རྒྱུ་དང་ཕྱོགས་གཉིས་ཀྱི་དམག་གི་ཚོགས་ཆུང་ཞིག་བཙུགས་ནས་ས་མཚམས་ཀྱི་འབྲེལ་བ་རྒྱུན་སྐྱོང་བྱ་རྒྱུ། ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་ཕྱོགས་གཉིས་ཀྱི་དམག་གིས་མཉམ་འབྲེལ་སྐོར་གཡེང་བྱ་རྒྱུ་དང་ས་མེ་སྦས་ཡོད་པ་རྣམས་གཙང་སེལ་བྱ་རྒྱུ། ཀོ་རི་ཡའི་དམག་འཁྲུག་སྐབས་སུ་འདས་གྲོངས་སུ་གྱུར་པ་དེ་དག་གི་ལྷག་རོ་རྣམས་འཚོལ་ཞིབ་བྱ་རྒྱུའི་གྲོས་མཐུན་བྱུང་།

དཔལ་འབྱོར་གྱི་གྲོས་མཐུན། མུན་ཅེ་དབྱིན་དང་ཀིམ་ཇུང་ཨུན་གཉིས་ལྷོ་བྱང་ཀོ་རི་ཡའི་ཤར་ཕྱོགས་མཚོ་འགྲམ་དང་ནུབ་ཕྱོགས་མཚོ་འགྲམ་གཉིས་ལ་རྒྱ་ལམ་དང་མེ་འཁོར་ལྕགས་ལམ་གྱི་ཚོང་ལམ་མཐུད་རྒྱུ། ཚོང་ལམ་དེ་དག་བརྒྱུད་ནས་ལྷོ་བྱང་ཀོ་རི་ཡའི་མི་མང་གིས་ས་མཚམས་བརྒལ་ཏེ་རང་གི་ཐོན་སྐྱེད་རྣམས་སྐྱེལ་འདྲེན་བྱ་རྒྱུ། དངོས་ཟོག་དང་ཐོན་སྐྱེད་སྐྱེལ་འདྲེན་བྱས་ནས་ལྷོ་བྱང་ཀོ་རི་ཡའི་ཚོང་ལས་ཡར་རྒྱས་གཏོང་རྒྱུ། ལོ་ཤས་གོང་དུ་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་མཉམ་དུ་གཉེར་པའི་ཚོང་ལས་ཁག་ཅིག་སྒོ་བརྒྱབ་པ་རྣམས་བསྐྱར་དུ་སྒོ་འབྱེད་བྱ་རྒྱུ། ལྷོ་ཀོ་རི་ཡའི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བྱང་ཀོ་རི་ཡར་ལྟ་སྐོར་ལ་ཡོང་མི་ཆོག་པའི་བཀག་སྡོམ་བྱས་པ་ཕྱིར་འཐེན། ལྷོ་བྱང་ཀོ་རི་ཡའི་མི་དམངས་ལ་ཕན་ཚུན་འབྲེལ་འདྲིས་ཀྱི་གོ་སྐབས་སྤྲོད་རྒྱུའི་གྲོས་མཐུན་བྱུང་འདུག

སྤྱི་ཚོགས་ཀྱི་འབྲེལ་བའི་གྲོས་མཐུན། ཡུལ་སྐོར་སྤྲོ་འཆམ་སྒོ་འབྱེད་ཀྱི་གྲོས་མཐུན་དེའི་དམིགས་ཡུལ་གཙོ་བོ་ཞིག་ནི་ལྷོ་ཀོ་རི་ཡའི་མི་དམངས་རྣམས་བྱང་ཀོ་རི་ཡར་ལྟ་སྐོར་དུ་བསྐྱོད་རྒྱུ། ཀོ་རི་ཡའི་དམག་འཁྲུག་སྐབས་སུ་ཕ་མ་བུ་ཕྲུག་དང་གཉེན་ཚན་རྣམས་ཁ་བྲལ་དུ་སོང་བ་བསྐྱར་དུ་ཐུག་འཕྲད་ཐུབ་རྒྱུ། ལྷོ་བྱང་ཀོ་རི་ཡའི་མི་དམངས་དཀྱུས་མ་རྣམས་འབྲེལ་འདྲིས་བྱས་ནས་དགྲར་འཛིན་གྱི་འདུ་ཤེས་མེད་པར་གཏོང་རྒྱུ། ལོ་མཇུག་འདིར་བྱང་ཀོ་རི་ཡའི་འགོ་ཁྲིམ་ཀིམ་ཇུང་ཨུན་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་ནས་བྱང་ཀོ་རི་ཡའི་དམར་ཤོག་འགོ་ཁྲིད་ཅིག་ལྷོ་ཀོ་རི་ཡར་གོམ་པ་སྤོས་མྱོང་མེད་པའི་ལོ་རྒྱུས་ཀྱི་ལེའུ་མཇུག་བསྒྲིལ་དུ་འཇུག་རྒྱུ། ༢༠༣༢་ལོའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ལ་ལྷོ་བྱང་ཀོ་རི་ཡ་ཐུན་མོང་གིས་མགྲོན་བདག་བྱ་རྒྱུའི་སྙན་ཞུ་འབུལ་རྒྱུ། ༢༠༡༨་ལོའི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ལྷོ་ཀོ་རི་ཡར་ཚོགས་པའི་གྲུབ་འབྲས་རྣམས་གཞི་རྩར་བཟུང་སྟེ། ཁ་སྔོན་ཕྱི་ཟླ་༢་པ་ནས་ལྷོ་བྱང་ཀོ་རི་ཡའི་འབྲེལ་བར་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཐེབས་པ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་མོད། འོན་ཀྱང་ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་ཚོས་མིང་རྟགས་བཀོད་པའི་གྲོས་མཐུན་འདིར་གྲུབ་འབྲས་ཅི་ཙམ་འཐོན་རྒྱུ་ཡིན་མིན་དང་། ད་ལྟའི་ལྷོ་བྱང་ཀོ་རི་ཡའི་འབྲེལ་བར་འགལ་རྐྱེན་འཕྲད་རྒྱུ་ཡིན་མིན་བཤད་དཀའ། ལྷོ་བྱང་ཀོ་རི་ཡ་གཉིས་དང་ཨ་མི་རི་ཀ་སོགས་ཀྱིས་ཀིམ་ཇུང་ཨུན་དང་མུན་ཅེ་དབྱིན་གྱི་འབྲེལ་བ་འདིར་དོགས་ཟིན་གྱི་སྒོ་ནས་རེ་ལྟོས་ཤིག་འཆང་ཡོད་པ་རེད།།

XS
SM
MD
LG