ངོ་འཕྲད་བདེ་བའི་དྲ་འབྲེལ།

མུན་ཅེ་དབྱིན་གཅིག་གྱུར་དང་ཞི་བདེའི་ཁ་གཡང་གིས་བསུས།


༄༅།། ཕྱི་ཟླ་༩་པའི་ཚེས་༡༨་ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་བྱང་ཀོ་རི་ཡའི་རྒྱལ་ས་ཕིན་དབྱང་ལ་འཚམས་འདྲིར་འབྱོར་པའི་དུས་སུ་མི་ཚོགས་སྟོང་ཕྲག་མང་པོས་མེས་རྒྱལ་གཅིག་གྱུར་བྱ་དགོས་དང་ཞི་བདེ་བསྐྲུན་དགོས་ཞེས་ཁ་གཡང་བསྒྲགས་ནས་ཕེབས་བསུ་གཟབ་རྒྱས་ཞུས། ད་ཐེངས་ཀྱི་འཚམས་འདྲི་འདི་ནི་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་པ་ཐེངས་དང་པོ་ཡིན་རུང་ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་རྣམ་པ་ཐུག་འཕྲད་གྲོས་མོལ་བྱུང་བ་ཐེངས་གསུམ་པ་ཡིན་ཞིང་། ཉི་མ་གསུམ་གྱི་འཚམས་འདྲིའི་རིང་དེར་མུ་ཅེ་དབྱིན་དང་ཀིམ་ཇུང་ཨུན་གཉིས་ཀྱིས་ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་ཡར་རྒྱས་བཏང་ནས་ཕྱོགས་གཉིས་ཀྱི་ས་མཚམས་སུ་རྟག་ཏུ་ཛ་དྲག་འབྱུང་གི་ཡོད་པ་ཞི་འཇམ་གཏོང་རྒྱུ། སྲིད་འཛིན་མུན་ཅེ་དབྱིན་གྱིས་བྱང་ཀོ་རི་ཡ་དང་ཨ་མི་རི་ཀས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུའི་གྲོས་མཐུན་ཞིག་བཞག་པ་རྩ་འཛིན་དང་དོན་འཁྱོལ་ཡོང་དགོས་ཞེས་སྐུལ་ལྕག་གཏོང་རྒྱུ་ཡིན་འདུག

ལོ་གཅིག་གི་སྔོན་དེར་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་ནས་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་དམག་འཁྲུག་རྒྱག་གྲབས་བྱས་ཏེ་ཨ་མི་རི་ཀའི་སྐམ་མཚོ་གནམ་གསུམ་གྱི་དཔུང་སྡེ་ཁག་ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་ས་ཐོག་ཏུ་བཀྲམ་ནས་བྱང་ཀོ་རི་ཡར་གཏོར་རྒོལ་བྱ་རྒྱུའི་དམག་ཇུས་བཤམས་མོད། འོན་ཀྱང་ཁ་སྔོན་ཕྱི་ཟླ་༤་པ་དང་༥་པའི་ནང་དུ་ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་གཉིས་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་བྱུང་། ལྷག་པར་དུ་ཕྱི་ཟླ་༦་ཚེས་༡༢་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིངྒ་པུར་དུ་ཐུག་འཕྲད་གྲོས་མོལ་བྱུང་ནས་བཟུང་། ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་འབྲེལ་བ་ཡར་རྒྱས་འགྲོ་འགོ་ཚུགས་པར་མ་ཟད། ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་ཡར་རྒྱས་གཏོང་ཕྱོགས་ལ་བཟང་ཕྱོགས་ཀྱི་རྣམ་པ་གསར་པ་ཞིག་ཐོན། དཔེར་ན་ལྷོ་བྱང་ཀོ་རི་ཡའི་ཐུན་མོང་གི་འབྲེལ་མཐུད་ལས་ཁུངས་ཤིག་གསར་དུ་སྒོ་ཕྱེ་ནས་ཕྱོགས་གཉིས་ཀྱི་གཏན་འཇགས་ལས་སྣེ་ཁག་ལས་ཁུངས་དེར་བསྐོ་བཞག ཀོ་རི་ཡའི་དམག་འཁྲུག་སྐབས་སུ་ཁ་འཐོར་སོང་བའི་ཕ་མ་བུ་ཕྲུག་དང་སྤུན་མཆེད་རྣམས་ཐུག་འཕྲད། ལྷོ་བྱང་ཀོ་རི་ཡའི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལས་ཁུངས་སོ་སོར་ཐད་ཀར་ཛ་དྲག་གི་ཁ་པར་འབྲེལ་མཐུད་བཅས་བྱུང་ཡོད་པ་རེད།

ད་ལྟ་ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་ཡར་རྒྱས་དང་རྒྱུན་འཁྱོངས་ཐུབ་རྒྱུ་ཡིན་མིན་ནི་བྱང་ཀོ་རི་ཡའི་གཞུང་གིས་རང་གི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་ཡིན་མིན་དང་། ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུའི་གྲོས་མཐུན་བཞག་པར་རྩ་འཛིན་བྱས་ན་དགེ་མཚན་ཆེ། ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་དགོས་པའི་སྲིད་ཇུས་ལ་འགྱུར་བ་མེད་པ་བྱ་དགོས་ཞེས་སྐུལ་ལྕག་བྱ་ཐུབ་རྒྱུ་ཡིན་མིན་ལ་འབྲེལ་བ་ཡོད་ཅིང་། ཀིམ་ཇུང་ཨུན་གྱིས་བྱང་ཀོ་རི་ཡའི་ངལ་རྩོལ་ཚོགས་པའི་དབུས་སྤྱི་ཁྱབ་ཁང་དུ་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་ལ་དུས་ཡུན་ཆུ་ཚོད་གཉིས་ཀྱི་རིང་དུ་བཀའ་མོལ་གནང་སྟེ། སྲིད་འཛིན་མུན་ཅེ་དབྱིན་སྐུ་ཉིད་ཀྱིས་རོགས་རམ་འོག་ཏུ་ཉེ་ཆར་ང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་ཐུག་འཕྲད་གྲོས་མོལ་བྱུང་སོང་། དེར་བརྟེན་ཀོ་རི་ཡའི་གླིང་ཟུར་གྱི་ཛ་དྲག་ལྷིང་འཇགས་བྱུང་བར་བཀའ་དྲིན་ཆེ། ང་ཚོས་ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་སྔར་ལས་ལྷག་པའི་ཡར་རྒྱས་བཏང་སྟེ་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིག་འཐོབ་ཐུབ་རྒྱུའི་རེ་བ་འཆང་ཆོག་ཅེས་བཤད་ཡོད་པ་རེད།

བྱང་ཀོ་རི་ཡའི་གཞུང་གིས་རྟག་ཏུ་ལྷོ་ཀོ་རི་ཡ་ནི་ཨ་མི་རི་ཀའི་རྒྱུག་ཁྱི་རེད་ཅེས་ཁ་རྡུང་དྲག་པོ་བཏང་ནས་སྐྱོན་བརྗོད་བྱེད་སྲོལ་ཡོད་ཀྱང་སྲིད་འཛིན་མུན་ཅེ་དབྱིན་གྱི་འཚམས་འདྲིའི་སྐབས་སུ་བྱང་ཀོ་རི་ཡའི་མང་ཚོགས་ཀྱིས་ཨེ་མ་ཧོ། ཞི་བདེ་དང་ཡར་རྒྱས། མེས་རྒྱལ་གཅིག་གྱུར་ཅེས་ཁ་གཡང་སྒྲོགས་པ་དང་ལྷོ་བྱང་ཀོ་རི་ཡ་གཉིས་རྒྱལ་ཁབ་གཅིག་ཡིན་པའི་མེ་ཏོག་གི་ས་ཁྲ་བསྒྲིགས་པ། རྒྱལ་དར་འཕྱར་དུ་བཅུག་སྟེ་བྱང་ཀོ་རི་ཡའི་གཞུང་གིས་རྒྱལ་ས་ཕིང་དབྱང་གི་མི་མང་ལ་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་ལ་སྤྲོ་སེམས་རབ་ཏུ་འཁོལ་བའི་དགའ་བསུ་ཞུ་རུ་བཅུག་པའི་རྟགས་མཚན་ཐོན་འདུག

ལྷོ་ཀོ་རི་ཡའི་ཉམས་ཞིབ་པ་ཚོས་སྲིད་འཛིན་མུན་ཅེ་དབྱིན་གྱིས་བྱང་ཀོ་ཡར་འབྲེལ་བ་ཡར་རྒྱས་གཏོང་ཐུབ་པའི་གདེང་ཚོད་ཆེན་པོ་བཅངས་ན་ཉེན་ཀ་ཆེ། ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀྱིས་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་པའི་གྲོས་མཐུན་བཞག་པ་ལག་ལེན་བསྟར་ཐུབ་རྒྱུ་ཡིན་མིན་ཐེ་ཚོམ་ཡིན། ཨ་མི་རི་ཀས་རེ་ལྟོས་འཆང་བ་ལྟར་སྲིད་འཛིན་མིན་ཅེ་དབྱིན་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་སྐུལ་ལྕག་བཏང་ནས་རྒྱལ་ཁབ་དེའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དུ་འཇུག་མ་ཐུབ་ཚེ། ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་དང་བྱང་ཀོ་རི་ཡ་དང་ཨ་མི་རི་ཀའི་འབྲེལ་བ་རྣམས་སྡུག་ཏུ་འགྲོ་བར་རྒྱུ་རྐྱེན་ཕྲ་མོ་ཞིག་ལས་མི་དགོས། བྱང་ཀོ་རི་ཡའི་གཞུང་གིས་རང་གི་བདེ་འཇགས་སྲུང་སྐྱོབ་དོན་དུ་རྡུལ་ཕྲན་མཚོན་ཆ་ནམ་ཡང་བློས་གཏོང་མི་སྲིད་ཅེས་ཉེན་བརྡ་བཏང་ཡོད་པ་དང་། ཀིམ་ཇུང་ཨུན་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚན་ཆ་མེད་པར་གཏོང་རྒྱུ་དང་ཨ་མི་རི་ཀས་བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རྣམས་ཕྱིར་འཐེན་བྱ་རྒྱུ་མཉམ་དུ་ལག་ལེན་བསྟར་དགོས་ཞེས་ལངས་ཕྱོགས་མཁྲེགས་པོ་བཟུང་རུང་ཨ་མི་རི་ཀས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་སྔོན་ལ་ལག་ལེན་བསྟར་དགོས་ཟེར་གྱི་ཡོད་པ་རེད།།

XS
SM
MD
LG