ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་གཉིས་ཐུག་འཕྲད་བྱ་འཆར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


དེ་རིང་སྤྱི་ཟླ་༩་པའི་ཚེས་༡༤་ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་ཕོ་བྲང་གིས་གནས་ཚུལ་སྤེལ་ཡོད་པ་ལྟར་ན་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་བདུན་ཕྲག་རྗེས་མར་བྱང་ཀོ་རི་ཡར་ཉིན་གསུམ་གྱི་རྒྱལ་དོན་འཚམས་འདྲིར་ཕེབས་ནས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་པ་རེད། བདུན་ཕྲག་འདིའི་གཟའ་ཉི་མའི་ཉིན་ལྷོ་ཀོ་རི་ཡའི་གྲ་སྒྲིག་ཚོགས་ཆུང་ཞིག་བྱང་ཀོ་རི་ཡའི་རྒྱལ་ས་ཕིན་དབྱང་ལ་ཕེབས་ནས་བདུན་ཕྲག་རྗེས་མའི་གཟའ་མིག་དམར་ནས་གཟའ་ཕུར་བུའི་བར་དུ་ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་རྣམ་གཉིས་མཇལ་འཕྲད་གྲོས་མོལ་བྱ་འཆར་ཡོད་པར་གྲ་སྒྲིག་བྱས་འདུག འདི་ནི་ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་གཉིས་མཇལ་འཕྲད་བྱུང་བ་ཐེངས་གསུམ་པ་ཡིན་ཞིང་། ཐེངས་འདིར་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་ཨ་རི་དང་བྱང་ཀོ་རི་ཡ་རྒྱལ་ཁབ་གཉིས་ཀྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུའི་གྲོས་མོལ་ལ་འགྲིག་མཐུན་ཡོང་ཐབས་བྱེད་ཀྱི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཀིམ་ཇུང་ཨུན་གཉིས་སིངྒ་པུར་དུ་མཇལ་འཕྲད་བྱུང་བའི་རྗེས་སུ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་དང་མེ་ཤུགས་འཕུར་མདེལ་ཚོད་ལྟ་མཚམས་འཇོག ཨ་མི་རི་ཀས་བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རྣམས་རིམ་བཞིན་ཕྱིན་འཐེན་བྱ་རྒྱུ་སོགས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཐེབས་རྒྱུའི་རྣམ་པ་ཐོན་མོད། འོན་ཀྱང་ད་ལྟ་བར་དུ་དོན་དངོས་ཀྱི་ལག་ལེག་ཐུག་ཏུ་བཟང་ཕྱོགས་ཀྱི་འགྱུར་བ་ཅི་ཡང་ཐེབས་མེད་པས་ཉེ་ཆར་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྱང་ཀོ་རེ་ཡར་འཚམས་འདྲིར་ཕེབས་རྒྱུའི་དུས་ཆད་བཏབ་ཡོད་པ་ཕྱིར་འཐེན་བྱས་ཤིང་། ཨ་རིའི་སྲིད་འཛིན་གྱིས་ཀྱང་དངོས་སུ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་དེར་གྲུབ་འབྲས་ཐོན་མེད་པའི་གསལ་བསྒྲགས་སྤེལ། དེའི་རྗེས་སུ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀྱིས་བསྐྱར་དུ་ང་ཨ་རིའི་སྲིད་འཛིན་ལ་ཐུག་འཕྲད་བྱ་རྒྱུའི་རེ་བ་ཡོད་པར་མ་ཟད། ཨ་རིའི་སྲིད་འཛིན་གྱི་ལས་དུས་དང་པོ་མཇུག་མ་རྫོགས་གོང་དུ་རྡུལ་ཕྲན་མཚོན་ཆ་མེད་པར་བཟོ་རྒྱུ་ཡིན་པ་སོགས་བརྗོད། ཡིན་ནའང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཐད་ཕྱི་གསལ་ནང་གསལ་གྱི་ཐག་གཅོད་ཅི་ཡང་བྱུང་མེད་ཅིང་། འདི་འདྲའི་གནས་སྟངས་འོག་ཏུ་ཐེངས་འདིའི་ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་སྐབས་སུ་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་ཨ་རི་དང་བྱང་ཀོ་རི་ཡས་བཏང་སྙོམས་དང་གཉིས་ཕན་གྱི་གྲོལ་མོལ་གྲུབ་འབྲས་ལྡན་པ་ཞིག་བྱ་ཐུབ་རྒྱུའི་རེ་བ་ཡོད་ཅེས་ནན་སྐུལ་བྱ་སྲིད། གཞན་ཡང་ཐེངས་འདིའི་ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་གཉིས་ཀྱི་ཐུག་འཕྲད་ནི་ཀོ་རེ་ཡའི་ཕྱེད་གླིང་དེའི་གྲང་དམག་སྟེ། ལྷོ་བྱང་ཀོ་རེ་ཡའི་རྒྱལ་ཁབ་གཉིས་ཀྱི་འགལ་བ་མཇུག་རྫོགས་རྒྱུའི་གོ་སྐབས་ཡག་ཤོས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། འདི་ཙམ་ན་དེ་རིང་གཟའ་པ་སངས་ཉིན་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་མཐུད་ལས་ཁུངས་ཤིག་རྒྱལ་ཁབ་གཉིས་ཀྱི་ས་མཚམས་སུ་ཆགས་པའི་བྱང་ཀོ་རི་ཡའི་ཁེ་སུང་ཞེས་འབོད་པའི་གྲོང་རྡལ་དེར་སྒོ་ཕྱེ། འདི་ནི་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་འབྲེལ་མཐུད་ལས་ཁུངས་ཐོག་མ་དེ་ཡིན་པ་དང་། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱ་རྒྱུ་མཚམས་འཇོག་བྱས་པ་ནས་བཟུང་སྟེ་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་ལམ་ལྟོས་འཇོག་གི་སྒོ་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་བྱུང་ཡོད། ད་སྔ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་བཟོ་རྒྱུའི་ཐད་དུ་རྩ་བའི་ཆ་ནས་འགྱུར་ལྡོག་ཆེན་པོ་ཞིག་བྱུང་མེད་ཀྱང་ལོ་འདིར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་ཐུག་འཕྲད་ཐེངས་གཉིས་དང་རྒྱ་ནག་གི་སྲིད་འཛིན་ལ་ཐུག་འཕྲད་ཐེངས་གསུམ། ཨ་རིའི་སྲིད་འཛིན་ཐུག་འཕྲད་ཐེངས་གཅིག་བྱས་ཡོད་པ་བཅས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་འགྱུར་བ་ཆེན་པོ་ཞིག་མ་བྱུང་ཡང་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་གི་མགོ་བརྩམས་སོ།།

XS
SM
MD
LG