ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨུ་རུ་སུའི་དམག་སྦྱོང་ཆེན་མོ།


༄༅།། དུས་རབས་སྔོན་མར་གྲང་དམག་འཁོན་འཛིང་མཇུག་བསྒྲིལ་ནས་བཟུང་སྟེ་ཨུ་རུ་སུའི་དམག་གིས་བྱས་མྱོང་མེད་པའི་དམག་སྦྱོང་ཆེན་པོ་ཞིག་གཟའ་འཁོར་འདིར་འགོ་ཚུགས། ད་ཐེངས་ཀྱི་དམག་སྦྱོང་འདིར་༢༠༡༨་ལོའི་ཤར་ཕྱོགས་དམག་སྦྱོང་ཆེན་མོ་ཞེས་མིང་བཏགས་ནས་ཨུ་རུ་སུའི་སྐམ་དམག་འབུམ་༣་དང་འཐབ་འཛིང་གནམ་གྲུ་༡༠༠༠་ཐམ་པ། ཨུ་རུ་སུའི་དམག་གྲུ་༨༠་ཐམ་པ་དང་ལྕགས་འཁྲབ་འཁོར་ལོ་༣༦༠༠༠་ལྷག ད་དུང་རྒྱ་ནག་གི་དམག་མི་༣༢༠༠་དང་སོག་པོའི་དམག་སྡེ་ཞིག་ཀྱང་ཨུ་རུ་སུའི་དམག་སྦྱོང་འདིར་མཉམ་ཞུགས་བྱས་འདུག ༡༩༨༡་ལོར་ཨུ་རུ་སུའི་དམག་གིས་དམག་སྦྱོང་ཆེན་པོ་འདི་འདྲ་ཞིག་བྱས་པ་དེ་ལ་ནུབ་ཕྱོགས་དམག་སྦྱོང་ཆེན་མོ་ཞེས་མིང་བཏགས་ཀྱང་སྐབས་དེར་རྒྱ་ནག་གི་དམག་དཔུང་ཨུ་རུ་སུའི་དམག་སྦྱོང་དེར་མཉམ་ཞུགས་བྱས་མེད་ཅིང་། དུས་ཡུན་བདུན་ཕྲག་གཅིག་གི་དམག་སྦྱོང་འདི་འགོ་ཚུགས་པའི་སྐབས་སུ་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་ཐུག་འཕྲད་བྱས་ནས་རྒྱ་ནག་དང་ཨུ་རུ་སུ་གཉིས་ལ་ཆབ་སྲིད་དང་བདེ་འཇགས་སྲུང་སྐྱོབ། རྒྱལ་སྲུང་གི་འབྲེལ་བ་ཡིད་རྟོན་རུང་བ་ཞིག་ཚུགས་ཡོད་ཅེས་བཤད་ཡོད་པར་མ་ཟད། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཀྱང་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་ནི་ངའི་མཆོག་ཏུ་གྱུར་པའི་གྲོགས་པོ་དང་ནང་ཚགས་ཀྱི་གྲོགས་པོ་ཞིག་ཡིན་ཞེས་བསྔགས་པ་བརྗོད་པའི་གནས་ཚུལ་ཐོན། ཡིན་ནའང་ཨུ་རུ་སུའི་ཤར་ཕྱོགས་དམག་སྦྱོང་ཆེན་མོ་འདི་བྱེད་པའི་དུས་ཚོད་ནི་༢༠༡༤་ལོར་ཨུ་རུ་སུའི་དམག་གིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་གྱི་ཁེ་རེ་མི་ཡ་གླིང་ཟུར་བཙན་འཕྲོག་བྱས་ནས་རྒྱལ་ཁབ་༢༩་ལས་གྲུབ་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་དང་ཨུ་རུ་སུའི་འབྲེལ་བ་ཧ་ཅང་སྡུག་ཏུ་སོང་ཡོད་པའི་དུས་སྐབས་ཤིག་ལ་ཁེལ་ཡོད་པས། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཀྱང་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དམག་༤༠༠༠་ཁ་སྣོན་བཏང་ནས་ཨུ་རུ་སུའི་དམག་སྦྱོང་དེར་དོགས་ཟོན་བྱེད་ཀྱི་ཡོད། འོན་ཀྱང་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཚོས་ཤར་ཕྱོགས་དམག་སྦྱོང་ཆེན་པོ་འདིའི་དམིགས་ཡུལ་ནི་རྒྱལ་ཁབ་གཞན་ཞིག་ལ་ཕར་རྒོལ་དང་བཙན་འཛུལ་བྱ་རྒྱུའི་དམིགས་ཡུལ་མིན། ཨུ་རུ་སུའི་ཤར་ཕྱོགས་དམག་སྦྱོང་ཆེན་མོའི་ཀུན་སློང་ངོ་མ་རང་སྲུང་གི་སྟོབས་ཤུགས་རྒྱ་སྐྱེད་དང་ཚུར་རྒོལ་ལ་རྒོལ་ལན་སློག་པའི་ནུས་པ་ཆེ་རུ་གཏོང་བའི་དམག་སྦྱོང་ཞིག་ཡིན། ཨ་མི་རི་ཀས་འགོ་ཁྲིད་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཨུ་རུ་སུའི་སྒོ་འགྲམ་བར་དུ་རྒྱ་སྐྱེད་གཏོང་གི་འདུག ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཨུ་རུ་སུ་ལ་བཙན་དྲག་གི་སྲིད་ཇུས་ཤིག་བཟུང་ཡོད་པས་ང་ཚོས་རང་གི་བདེ་འཇགས་སྲུང་སྐྱོབ་ལ་དམག་སྦྱོང་མི་བྱེད་ཀ་མེད་རེད་ཅེས་འགྲེལ་བཤད་བརྒྱབ་འདུག ཕྱི་ཟླ་༩་ཚེས་༡༡་དང་༡༢་གཉིས་ལ་འཆར་འགོད་དང་འཐབ་ཇུས་གྲ་སྒྲིག་གི་སྦྱོང་བརརྡ་ཡིན་ཞིང་། གཟའ་ཕུར་བུ་ནས་ཉི་མ་ལྔའི་རིང་དུ་དམག་འཐབ་དངོས་ལ་ཞུགས་པའི་དམག་སྦྱོང་བྱེད་ཀྱི་ཡོད་པ་སྟེ། ཨུ་རུ་སུའི་སྐམ་མཚོ་གནམ་གསུམ་གྱི་དཔུང་སྡེ་ཁག་གིས་དུས་མཉམ་དུ་འཐབ་རྒོལ་ཇི་ལྟར་བྱ་དགོས་མིན། ཨུ་རུ་སུའི་དམག་ལ་རྒྱ་ནག་གི་དམག་དཔུང་དང་སོག་པོའི་དམག་སྡེ་ཁག་མཉམ་འབྲེལ་བྱས་ནས་འཐབ་འཁྲུག་ཇི་ལྟར་རྒྱག་དགོས་མིན་གྱི་སྦྱོང་བརྡར་སྤྲོད་རྒྱུ། ཐེངས་འདིའི་དམག་སྦྱོང་འདི་ཨུ་རུ་སུའི་སྐམ་དམག་གི་དམག་སྒར་ཁག་ལྔ་དང་གནམ་དམག་གི་དམག་སྒར་ཁག་བཞི། ཉི་ཧོང་གི་བྱང་ཕྱོགས་སུ་ཆགས་པའི་ཨུ་རུ་སུའི་མཚོ་དམག་གི་དཔུང་སྡེ་གཉིས་མཉམ་ཞུགས་བྱས་ནས་འཕྲལ་མྱུར་ངང་དུ་དམག་དཔུང་འགྲེམ་འཇོག་དང་བར་སྣང་ཁམས་སུ་འཐབ་འཛིང་གནམ་གྲུ་ཁག་ལ་སྣུམ་ལྡུག་རྒྱུ་བཅས་ལ་སྦྱོང་བརྡར་སྤྲོད་ཀྱི་ཡོད་པའི་གསར་འགྱུར་ཐོན་འདུག རྒྱ་ནག་གཞུང་གིས་ཨུ་རུ་སུ་དང་རྒྱ་ནག་གཉིས་ལ་ཕྱོགས་གང་ཐད་དུ་བདེ་འཇགས་སྲུང་སྐྱོབ་ཀྱི་ཉེན་ཀ་འབྱུང་གི་ཡོད་པས་པེ་ཅིང་དང་མོ་སི་ཀོ་གཉིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཚུར་རྒོལ་ལ་ཁ་གཏད་གཅོག་ཐུབ་པའི་ཆེད་དུ་དམག་སྦྱོང་བྱེད་ཀྱི་ཡོད་ཅེས་འགྲེལ་བཤད་བརྒྱབ་ཀྱང་སོག་པོའི་དམག་དཔུང་ཁག་ཅིག་ཨུ་རུ་སུའི་དམག་སྦྱོང་དེར་མཉམ་ཞུགས་བྱས་དོན་ཅི་ཡིན་འགྲེལ་བཤད་གསལ་བོ་ཞིག་བརྒྱབ་མེད་པ་དང་། ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་གྱིས་དབུས་ཨེ་ཤི་ཡར་ཁ་ཆེའི་མཐའ་ལྷུང་རིང་ལུགས་པ་ཁྱབ་གདལ་འགྲོ་བཞིན་པ་ནི་ཨུ་སུ་རུའི་བདེ་འཇགས་ལ་ཉེན་ཀ་ཆེན་པོ་ཞིག་ཡིན་ཞེས་བཤད། ཉམས་ཞིབ་པ་ཁག་ཅིག་གིས་ཞིན་ཅང་ལ་ཞི་བདེ་བརྟན་ལྷིང་མེད་པ་དང་དབུས་ཨེ་ཤི་ཡའི་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཚོས་ཞིན་ཅང་ལ་ཤུགས་རྐྱེན་ཐེབས་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པས་རྒྱ་ནག་གི་དམག་དཔུང་ཁག་ཅིག་ཨུ་རུ་སུའི་དམག་སྦྱོང་དེར་མཉམ་ཞུགས་བྱས་པ་ཡིན་སྲིད་ཅེས་ལྟ་ཚུལ་མ་འདྲ་བ་ཞིག་གླེང་། དེང་སྐབས་ཨུ་རུ་སུ་དང་རྒྱ་ནག་གི་འབྲེལ་བ་ཡར་རྒྱས་འགྲོ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ཨ་མི་རི་ཀས་ཨུ་རུ་སུ་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་བཟང་པོ་མེད་པ་དང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་པེ་ཅིང་དང་ཝ་ཤིང་ཊོན་གྱི་འབྲེལ་བ་སྡུག་ཏུ་སོང་ཡོད་པས་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་ཨ་མི་རི་ཀར་ཁ་གཏད་གཅོག་པར་མཉམ་འབྲེལ་དམག་སྦྱོང་བྱེད་ཀྱི་ཡོད་པ་མངོན་གསལ་དོད་པོ་རེད་ཅེས་ཉམས་ཞིབ་པ་ཕལ་མོ་ཆེས་གཅིག་མཚུངས་སུ་གླེང་ངོ།།

XS
SM
MD
LG