ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཞིས་ཅིན་ཕིང་གིས་རང་ཁེ་སྲུང་སྐྱོབ་ལ་འཐབ་རྒོལ་བྱ་དགོས་ཟེར།


༄༅།། ཞིས་ཅིན་ཕིང་གིས་རྒྱ་ནག་དང་ཨུ་རུ་སུ་གཉིས་མཉམ་འབྲེལ་གྱིས་རང་ཁེ་སྲུང་སྐྱོབ་ལ་ངོ་རྒོལ་དང་རྒྱལ་སྤྱིའི་རང་དབང་ཚོང་ལས་ཀྱི་ལམ་ལུགས་ལ་སྲུང་སྐྱོབ། ལྷག་པར་དུ་རྒྱལ་སྤྱིའི་དཀའ་ངལ་ཞིག་ཕྱོགས་གཅིག་ཁོ་ནས་ཐག་གཅོད་བྱེད་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པར་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་ནན་བརྗོད་བྱས་འདུག ཞིས་ཅིན་ཕིང་གིས་ཨུ་རུ་སུའི་ཤར་ཕྱོགས་སུ་ཆགས་པའི་ཝྭ་ལ་ཌི་ཝྭོ་སི་ཊོཀ་གྲོང་ཁྱེར་དུ་ཚོགས་པའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ཚོགས་ཆེན་ཞོར་དུ་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་དང་ལྷན་དུ་བསྡུས་པའི་གསར་འགོད་ལྷན་ཚོགས་ཐོག་ཏུ་དེ་ལྟར་ཁྱབ་སྒྲོག་བྱས་ཡོད་ཅིང་། ཞིས་ཅིན་ཕིང་གི་སྐད་ཆ་དེའི་དམིགས་འབེན་སུ་ཡིན་དངོས་སུ་མིང་འབོད་བྱས་མེད་ཀྱང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ཁག་ལ་སྒོ་ཁྲལ་སྤར་ནས་ཨ་མི་རི་ཀའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པར་གོ་རྒྱུ་བཏང་བ་ཧ་ཅང་གསལ་བོ་ཡིན་ཞིང་། ད་ལྟ་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ཁག་ལ་ཨ་སྒོར་ཁྲག་ཁྲིག་གཉིས་ཀྱི་སྒོ་ཁྲལ་སྤར་རྒྱུ་ལག་ལེན་བསྟར་གྲབས་ཡོད་ཅེས་ཕྱི་ཟླ་༩་ཚེས་༡༡་ཉིན་ཁྱབ་བསྒྲགས་བྱས་ཡོད་པས་རྒྱ་ནག་གིས་ཨུ་རུ་སུ་ལ་འབྲེལ་བ་ཡར་རྒྱས་བཏང་ནས་ཨ་མི་རི་ཀར་ཆབ་སྲིད་དང་དམག་དོན། དཔལ་འབྱོར་དང་ཚོང་ལས་བཅས་ཀྱི་ཁ་གཏད་གཅོག་རྒྱུ་དེ་བས་ཀྱང་གནད་འགག་ཆེ་རུ་ཕྱིན་ཡོད་པ་རེད། ཨ་མི་རི་ཀ་དང་རྒྱ་ནག་གཉིས་ལ་ཚོང་དམག་ཅིག་ལངས་ཡོད་པ་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་ཨ་མི་རི་ཀས་ཨུ་རུ་སུ་ལའང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པའི་སྐབས་འདིར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གཉིས་ཐུག་འཕྲད་གྲོས་མོལ་ཐེངས་གསུམ་བྱུང་ཡོད་པར་མ་ཟད། གཟའ་མིག་དམར་ནས་འགོ་ཚུགས་པའི་ཨུ་རུ་སུའི་ཤར་ཕྱོགས་དམག་སྦྱོང་ཆེན་མོ་འདིར་རྒྱ་ནག་གི་དམག་སྡེ་ཁག་ཅིག་མཉམ་ཞུགས་བྱས་པ་དང་། ཨུ་རུ་སུའི་གཞུང་གིས་བསྡུས་པའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སུ་ཞིས་ཅིན་ཕིང་མཉམ་ཞུགས་བྱས་པའང་རྒྱ་ནག་གི་སྲིད་འཛིན་ཞིག་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ཚོགས་འདུར་མཉམ་ཞུགས་བྱས་པ་ཐེངས་དང་པོ་ཡིན་འདུག ད་ཐེངས་ཀྱི་ཐུག་འཕྲད་གྲོས་མོལ་སྐབས་སུ་ཞིས་ཅིན་ཕིང་དང་ཕུ་ཀྲིན་གཉིས་ཀྱིས་ཨུ་རུ་སུའི་རྒྱང་ཤར་དཔལ་འབྱོར་ལས་གཞི་ལ་རྒྱ་ནག་གི་མ་རྩ་འཛུགས་རྒྱུ་དང་རང་བྱུང་ནུས་པའི་ཐོན་ཁུངས། ཞིང་ལས་ཐོན་སྐྱེད། འཕྲུལ་རིག་ལག་རྩལ་དང་རྨང་གཞིའི་འཛུགས་སྐྲུན་ལས་གཞི་བཅས་ལ་རྒྱ་ནག་དང་ཨུ་རུ་སུ་གཉིས་མཉམ་འབྲེལ་བྱ་རྒྱུའི་གྲོས་མོལ་བྱ་འཆར་ཡོད་ཅེས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་བསྒྲགས། ཁར་ཎི་གྷི་ཉམས་ཞིབ་ཁང་གི་ཨུ་རུ་སུའི་སྡེ་ཚན་གྱི་ཉམས་ཞིབ་པ་གྷ་བྷུ་ཝྭེབ་ཀྱིས་རྒྱ་ནག་གི་དམག་དཔུང་ཁག་ཅིག་ཨུ་རུ་སུའི་ཤར་ཕྱོགས་དམར་སྦྱོང་ཆེན་མོར་མཉམ་ཞུགས་ཀྱི་མགྲོན་འབོད་བྱས་པ་ནི་ཨུ་སུ་རུའི་གཞུང་གིས་སྔར་བཞིན་རྒྱ་ནག་ལ་དོགས་ཟོན་བྱེད་ཀྱི་མེད་པའི་རྟགས་མཚན་ཡིན། ཡིན་ནའང་རྒྱ་ནག་གི་སྟོབས་ཤུགས་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་རྒྱ་སྐྱེད་འགྲོ་དུས་ཨུ་རུ་སུའི་གཞུང་གིས་རྒྱ་ནག་ལ་མུ་མཐུད་དུ་ཆེས་དེང་རབས་ཅན་གྱི་དམག་དོན་འཕྲུལ་ཆས་ཕྱིར་ཚོང་བྱ་རྒྱུ་སོགས་ལ་བསམ་བློ་ཞིག་གཏོང་དགོས་ཐུག་སྲིད། གལ་སྲིད་རྒྱ་ནག་གིས་ཨུ་རུ་སུའི་མཚོན་ཆ་དང་དམག་དོན་ཡོ་བྱད་རྣམས་རྫུན་བཟོ་བྱེད་པའི་ལག་རྩལ་བྱང་ཆུབ་པ་ཞིག་སྦྱངས་པ་ཡིན་ཚེ། ཨུ་རུ་སུའི་མཚོན་ཆ་ཕྱིར་ཚོང་བྱ་ཡུལ་གྱི་ཁྲོམ་ར་ཁག་རྒྱ་ནག་གིས་འཁྱེར་སྲིད་པའི་ཉེན་ཀ་ཡོད། ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་སོང་བའམ། ཨ་མི་རི་ཀ་དང་ཨུ་རུ་སུའི་འབྲེལ་བ་སྡུག་ཏུ་སོང་ན་རྒྱ་ནག་དང་ཨུ་རུ་སུའི་འབྲེལ་བ་ཡག་ཏུ་འགྲོ་རྒྱུ་ཆོས་ཉིད་ཡིན། ད་ལྟའི་གནས་སྐབས་འདིར་ཨ་མི་རི་ཀ་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀས་དོགས་ཟོན་བྱ་དགོས་པ་ཞིག་ལ་གྱུར་ཡོད་ཅེས་བཤད་དོ།།

XS
SM
MD
LG