ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༥/༠༣/༢༦

ཨ་རིར་རྒྱ་ནག་གི་གསང་ཉུལ་ཇེ་མང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་སྤྱི་ཟླ་༩་པའི་ཚེས་༤་ཉིན་ཨ་རིའི་གསང་ཉུལ་འགོག་སྲུང་ལྷན་ཁང་གི་འགན་འཛིན་གྱིས་གསར་འགྱུར་བརྒྱུད་ལམ་དུ་རྒྱ་ནག་གིས་ཨ་རི་ལ་ལས་ཀ་འདྲ་མིན་གྱི་ངོ་བོའི་ཐོག་ཏུ་གསང་ཉུལ་བ་གཏོང་བཞིན་འདུག གསང་ཉུལ་བའི་གྲངས་ཀའང་ཧ་ལས་པའི་མང་པོ་རེད། ང་ཚོས་ཕུགས་ལ་བསམ་བློ་བཏང་ན་རྒྱ་ནག་གི་གསང་ཉུལ་བ་འདི་དག་མ་འོངས་པར་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཞིག་ཏུ་འགྱུར་ས་རེད། རྒྱ་ནག་གིས་གསང་ཉུལ་བ་རྣམས་ཨ་རིའི་གཞུང་གི་འཛིན་སྐྱོང་གི་ཁོངས་སུ་གཏོགས་པའི་ལས་ཁུངས་ཁག་དང་ཨ་རིའི་རིག་གཞུང་ཞིབ་འཇུག་སྡེ་ཚན་ཁག བཟོ་ལས་སྡེ་ཚན་ཁག་དང་ཚན་རྩལ་ཞིབ་འཇུག་གི་བྱེད་སྒོ་མང་པོ་ཞིག་གི་ཁྱབ་ཁོངས་སུ་བཏང་འདུག རྒྱ་ནག་གཞུང་གིས་འཆར་གཞི་ཆེན་པོ་ཞིག་བཀོད་དེ་ཨ་རིའི་ལས་རིགས་གང་ས་ནས་རྒྱ་ནག་ལ་དགོས་མཁོ་ཡོད་པའི་གནས་ཚུལ་མཐའ་དག་རྐུ་འཁྱེར་བྱེད་ཐབས་བྱེད་ཀྱིན་འདུག རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་ཨ་རི་ལ་དམིགས་ནས་ཀུ་པ་དང་མེཀ་སི་ཀོ ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ཏུ་གསང་ཉུལ་གྱི་ལས་དོན་སྤེལ་གྱིན་འདུག དཔེར་ན་ན་ནིང་སྤྱི་ཟླ་༡༠་པའི་ནང་དུ་ཀུ་པར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་དང་རྒྱ་ནག་གི་ཀོང་ཀྲུག་གྲོང་ཁྱེར་དུ་བཅའ་སྡོད་ཨ་རིའི་དོན་གཅོད་ཁང་གི་ལས་བྱེད་པའི་ལུས་ཕུང་ལ་གནོད་པའི་སྒྲ་རླབས་ཡ་མཚན་ཞིག་བཏང་ནས་གནོད་འཚེ་བྱས་པས་ལས་བྱེད་པ་ཁག་ཅིག་གི་ཀླད་པར་སྐྱོན་ཕོག་པ་སོགས་ཀྱི་ནད་རྟགས་ཁ་ཤས་རྙེད། དེར་བརྟེན་ཨ་རིའི་དབུས་ཞིབ་གཅོད་ལྷན་ཁང་དང་གསང་བའི་ལས་ཁང་། བདེ་འཇགས་ལྷན་ཁང་སོགས་ཀྱི་ལས་སྣེ་ཁག་གི་ཞིབ་འཇུག་སྡེ་ཚན་ཞིག་གིས་མུ་མཐུད་དུ་ཞིབ་འཇུག་ཟབ་མོ་བྱེད་བཞིན་ཡོད་ཅེས་བཤད། རྒྱ་ནག་གཞུང་གིས་ཨ་རི་སོགས་འཛམ་གླིང་རྒྱལ་ཁབ་གང་ལའང་གསང་ཉུལ་བཏང་ནས་ལས་དོན་གཏན་ནས་བསྒྲུབས་མྱོང་མེད་ཅེས་ངོས་ལེན་བྱེད་ཀྱི་མེད་ཀྱང་སྤྱི་ལོ་༢༠༡༥་ལོར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་གྲོས་མོལ་སྐབས་སུ་སྲིད་འཛིན་ཞིས་ཅིན་ཕིང་གིས་ད་ནས་བཟུང་སྟེ་རྒྱ་ནག་གིས་ཚོང་ལས་ཀྱི་ཁེ་ཕན་ཆེད་དུ་དྲྭ་ལམ་བརྒྱུད་ནས་ཨ་རིའི་ལས་རིགས་ཁག་ལ་སིམ་འཛུལ་དང་གཏོར་བརླག་གཏོང་གི་མིན་ཞེས་ཁས་ལེན་བྱ་དགོས་བྱུང་ཞིང་། ཨ་རིའི་གསང་ཉུལ་འགོག་སྲུང་ལྷན་ཁང་གི་འགན་འཛིན་གྱིས་མུ་མཐུད་དུ་བརྗོད་པ་ལྟར་ན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཁས་ལེན་དེ་ལྟར་བྱས་པའི་རྗེས་སུ་རྒྱ་ནག་གིས་དོན་དངོས་ལ་ཨ་རིའི་དྲྭ་རྒྱའི་བརྒྱུད་ལམ་ཁག་ཏུ་སིམ་འཛུལ་དང་གཏོར་བརླག་བྱ་རྒྱུ་མཚམས་འཇོག་བྱས་ཀྱང་དུས་ཚོད་རིང་པོ་མ་སོང་བར་རྒྱ་ནག་གིས་སྔར་བཞིན་ཨ་རིའི་དྲྭ་ལམ་དུ་གཏོར་བརླག་བྱ་རྒྱུ་མགོ་བརྩམས་སོང་ཞེས་བཤད་པར་མ་ཟད། ཨ་རིའི་དབུས་ཞིབ་གཅོད་ལྷན་ཁང་གི་འགན་འཛིན་གྱིས་ལོ་འདིའི་སྤྱི་ཟླ་༧་པའི་ནང་དུ་ཨ་རིའི་བདེ་འཇགས་ལས་དོན་གྱི་གླེང་སྟེགས་ཤིག་ཏུ་རྒྱ་ནག་གི་གསང་ཉུལ་རྣམས་ཨ་རིའི་ལས་རིགས་གང་སར་ཁྱབ་འདུག་པས་གནད་དོན་འདི་ཨ་རིའི་བདེ་འཇགས་ལ་ཧ་ཅང་ཉེན་ཁ་ཆེ། ཉེན་ཁ་འདི་ནི་ཁྱབ་རྒྱ་ཆེ་ཞིང་འཇིགས་སྣང་ལྡན་པ་ཞིག་རེད་ཅེས་བཤད་འདུག ཨ་རིའི་དབུས་ཞིབ་གཅོད་ལྷན་ཁང་གིས་ལོ་སྔོན་མར་རྒྱ་ནག་གཞུང་གིས་ཨ་རིར་གསང་ཉུལ་གྱི་ལས་དོན་བསྒྲུབ་ཏུ་བཏང་བའི་དོགས་ཡོད་མི་སྣ་གཉིས་འཛིན་བཟུང་བྱས་ཡོད་པ་དང་། རྒྱ་ནག་གིས་ཨ་རིར་མངགས་པའི་གསང་ཉུལ་གྱི་གྲངས་ཀ་དང་ཁྱབ་ཁོངས་སོགས་ཨུ་རུ་སུ་སོགས་དོགས་ཡོད་རྒྱལ་ཁབ་གཞན་ལས་ཀྱང་ཚབས་ཆེན་ཞིག་ཡིན་པའི་ངོས་འཛིན་གྱིས་རྒྱ་ནག་གིས་མངགས་བཞིན་པའི་གསང་ཉུལ་ཚོས་ཨ་རིའི་དཔལ་འབྱོར་དང་དྲྭ་རྒྱའི་ཁྱབ་ཁོངས་ཀྱི་ལས་རིགས་ཁག་ལ་སིམ་འཛུལ་བྱས་ནས་ཨ་རིའི་རིག་གནས་ཐོན་རྫས་ཀྱི་བདག་དབང་དང་གནད་འགག་ཅན་གྱི་རྨང་གཞིའི་ལག་རྩལ་རིགས་རྐུ་འཁྱེར། ཁོ་ཚོས་གཞུང་དང་དངོས་འབྲེལ་གཅིག་པུ་མ་ཡིན་པར་བཟོ་བ་དང་ཚོང་པ། སློབ་ཕྲུག་སོགས་ཀྱི་མིང་ཐོག་ཏུ་གསང་ཉུལ་བ་བརྒྱུད་ནས་ཨ་རིའི་གནས་ཚུལ་རྣམས་བསྡུ་ལེན་རྒྱ་ཆེན་པོ་བྱེད་ཀྱི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG