༄༅།། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་ལས་དུས་འདི་མ་རྫོགས་གོང་དུ་ང་ལ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་འདོད་ཡོད། ཨ་མི་རི་ཀས་རྒྱབ་མདུན་གཉིས་ཀྱི་སྲིད་ཇུས་ཤིག་བཟུང་ནས་ལྷག་བསམ་རྣམ་དག་གིས་གྲོས་མོལ བྱེད་ཀྱི་མེད་ཀྱང་ངས་ཨ་རིའི་སྲིད་འཛིན་ལ་ནམ་ཡང་སྐད་ཆ་ངན་པ་ཞིག་བཤད་མྱོང་མེད། ང་ཚོ་སིངྒ་པུར་དུ་ཐུག་འཕྲད་བྱུང་བའི་རྗེས་སུ་ངས་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོ་ལའང་ཚིག་ངན་ཞིག་བཤད་མྱོང་མེད་ཅེས་ལྷོ་ཀོ་རི་ཡའི་སྐུ་ཚབ་ཅིག་ལ་བཤད་འདུག ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་ལས་དུས་འདི་༢༠༢༡་ལོའི་ཕྱི་ཟླ་༡་ཚེས་༢༠་ཉིན་མཇུག་སྒྲིལ་གྱི་ཡོད་པ་དང་། ལྷོ་ཀོ་རི་ཡའི་སྐུ་ཚབ་ཆུང་ཨི་ཡུང་སྲིད་འཛིན་མུན་ཅེ་དབྱིན་གྱི་སྐུ་ཚབ་ལ་བྱང་ཀོ་རི་ཡར་ཕེབས་ཏེ་ཕྱི་ཟླ་༩་ཚེས་༡༨་ཉིན་ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་རྣམ་པ་བྱང་ཀོ་རི་ཡའི་རྒྱལ་སར་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པར་གྲ་སྒྲིག་བྱེད་ཀྱི་ཡོད་ཅིང་། ཀིམ་ཇུང་ཨུན་གྱིས་ལྷོ་ཀོ་རི་ཡའི་སྐུ་ཚབ་དེར་ངས་ཁ་སྔོན་ཕྱི་ཟླ་༤་པའི་ནང་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་ཐུག་འཕྲད་གྲོས་མོལ་བྱས་པ་ཡིན། དེ་ནས་ཕྱི་ཟླ་༦་ཚེས་༡༢་ཉིན་སེངྒ་པུར་དུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་ཐུག་འཕྲད་གྲོས་མོལ་བྱས་པ་ཡིན། ཡིན་ནའང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་དང་བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རྣམས་ཕྱིར་འཐེན་བཅས་ཀྱི་ལས་དོན་ཁག་ལ་རྔོ་ཐོགས་པའི་གྲུབ་འབྲས་ཤིག་ཐོན་མ་སོང་། བྱང་ཀོ་རི་ཡས་རང་གི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་བར་གོམ་སྟབས་ཆེན་པོ་ཞིག་མདུན་སྤོ་བྱས་ཀྱང་ཨ་མི་རི་ཀས་དེ་ལ་བཟང་ལན་ཞིག་སློག་གི་མི་འདུག ང་སྲིད་འཛིན་ཌོ་ནལ་ཊམ་ལ་ཡིད་ཆེས་ཡོད་པ་དེར་འགྱུར་བ་མེད། ཉེ་ཆར་ཨ་རི་དང་བྱང་ཀོ་རི་ཡའི་གྲོས་མོལ་ལ་འགལ་རྐྱེན་ཕྲན་བུ་རེ་ཕྲད་ཀྱང་ང་ཚོ་གྲོས་མོལ་བྱ་རྒྱུ་དེར་འགྱུར་བ་མེད་ཅེས་བཤད་པའི་སྐད་ཆ་རྣམས་ལྷོ་ཀོ་རི་ཡའི་སྐུ་ཚབ་ཀྱི་གསར་འགོད་ལྷན་ཚོགས་བསྐངས་ནས་བརྒྱུད་སྒྲོགས་བྱས་འདུག ཨ་མི་རི་ཀའི་སྲིད་འཛིན་སྔོན་མ་ཚོས་བྱང་ཀོ་རི་ཡའི་འགོ་ཁྲིད་ཚོར་ཐུག་འཕྲད་བྱ་རྒྱུ་ལྟ་ཞོག ཐ་ན་བྱང་ཀོ་རི་ཡའི་འགོ་ཁྲིད་ཚོར་ཁ་ཡ་མ་བྱས་པར་དམར་ཤོག་རྒྱལ་ཁབ་དེའི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་རྣམས་མེད་པར་གཏོང་དགོས་པའི་སྲིད་ཇུས་ཁོ་ན་ལག་ལེན་བསྟར། ཌོ་ནལ་ཊམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་དངོས་སུ་ཐུག་འཕྲད་དང་འདྲ་མཉམ་གྱི་ལྟ་སྟངས་ཤིག་བཟུང་ནས་གྲོས་མོལ་གྱི་སྒོ་མོ་ཕྱེ་པར་ཀིམ་ཇུང་ཨུན་ལ་སེམས་འགུལ་ཐེབས་པ་མིན་ནམ། ཁོ་པས་སྲིད་འཛིན་ཌོ་ནལ་ཊམ་གྱི་ལས་དུས་འདི་མཇུག་མ་བསྒྲིལ་གོང་དུ་བྱང་ཀོ་རི་ཡ་དང་ཨ་མི་རི་ཀའི་འབྲེལ་བ་བརྟན་པོ་ཞིག་ཚུགས་ཐུབ་པའི་རེ་བ་འཆང་ཡོད་པ་ཡིན་སྲིད། ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མགྱོགས་མྱུར་ངང་མེད་པར་གཏོང་དགོས་པ་དང་ཨ་མི་རི་ཀས་བྱང་ཀོ་རི་ཡར་འཕྲལ་དུ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་པ་ཕྱིར་འཐེན་དང་དཔལ་འབྱོར་རོགས་རམ་སྤྲོད་རྒྱུ། ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀྱི་ཕྱི་འབྲེལ་འཛུགས་ཆོག་ཅེས་གྲོས་གཞི་བཏོན་པ་རེད་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་ཅིང་། ཉམས་ཞིབ་པ་ཁག་ཅིག་གིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་ཌོ་ནལ་ཊམ་ལ་སྐད་ཆ་སྙན་པོ་བཤད་ནས་མགོ་སྐོར་གཏོང་གི་འདུག ཁོ་པའི་དམིགས་ཡུལ་ངོ་མ་ནི་དུས་ཚོད་འགྱངས་ཐབས་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་སློབ་སྟོན་པ་ལྟ་བ་མཁྲེགས་འཛིན་ཅན་དེ་དག་གི་བར་དུ་འགལ་ཟླ་བསླང་རྒྱུ། ཨ་མི་རི་ཀའི་སྲིད་གཞུང་གི་ནང་དུ་བྱང་ཀོ་རི་ཡར་དམག་བརྒྱབ་ནས་དམར་ཤོག་རྒྱལ་ཁབ་དེ་མགོ་རྟིང་སློག་དགོས་ཟེར་པའི་ལྟ་བ་འཛིན་མཁན་ཚོའི་སྟོབས་ཤུགས་གཅོག་གི་ཡོད་པ་དང་། ཌོ་ནལ་ཊམ་ལ་ཁོང་ཁྲོ་བསླངས་ན་དགེ་མཚན་མེད་པ་ངོས་ཟིན་ནས་ལྷོ་ཀོ་རི་ཡའི་སྐུ་ཚབ་ཚོ་བརྒྱུད་ནས་ཁ་མཁས་ཚིག་སྙན་བཤད་ཀྱི་ཡོད་པ་ལས། བྱང་ཀོ་རི་ཡར་ནམ་ཡང་རང་གི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་རྣམས་བློས་གཏོང་འདོད་ཡོད་མི་སྲིད་ཅེས་དོགས་སློང་བྱེད་ཀྱི་ཡོད་པ་རེད།།