ངོ་འཕྲད་བདེ་བའི་དྲ་འབྲེལ།

འཇིགས་སྣང་། ཕོ་བྲང་དཀར་པོའི་ཌོ་ནལ་ཊམ།


༄༅།། ཨ་རིའི་གསར་འགོད་པ་གྲགས་ཅན་བྷོབ་ཝུ་ཌི་ཝར་ཌེས་བརྩམས་ཆོས་གསར་པ་སྟེ། འཇིགས་སྣང་། ཕོ་བྲང་དཀར་པོའི་ཌོ་ནལ་ཊམ་ཞེས་ཤོག་གྲངས་༤༢༠་ཡོད་པའི་དེབ་ཅིག་བརྩམས་ཏེ། དཔེ་དེབ་འདིའི་བརྗོད་བྱ་རྣམས་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་ཉིན་དང་པོ་ནས་ཨ་མི་རི་ཀ་བ་ཇི་སྙེད་ཅིག་ལ་སྲིད་འཛིན་ཌོ་ནལ་ཊམ་འཇོན་ཐང་ཅན་གྱི་མི་ཞིག་མིན་པ་དང་ཤེས་ཚད་དམའ་བ། ཉམས་མྱོང་དང་ལྷག་བསམ་མེད་པར་ཨ་མི་རི་ཀ་ཕུང་ལ་སྦྱོར་སྲིད་པའི་བློ་འཚབ་བྱུང་བ་རྣམས་བཀོད་ཡོད་ཅིང་། རྩོམ་པ་པོ་བྷོབ་ཝུ་ཌི་ཝར་ཌིས་ཕོ་བྲང་དཀར་པོའི་ལས་སྣེ་ཁག་དང་གྲོས་ཚོགས་འཐུས་མི། ཌོ་ནལ་ཊོམ་སྒེར་གྱི་ཁྲིམས་རྩོད་པ་སོགས་ལ་མི་མང་པོ་ཞིག་ལ་སྐད་ཆ་དྲིས་ནས་དཔེ་དེབ་གསར་པ་དེ་འབྲི་རྩོམ་གྱིས་ཕྱི་ཟླ་༩་ཚེས་༡༡་ཉིན་དཔེ་དེབ་འདི་ཨ་རིའི་རྒྱལ་ཡོངས་ལ་འགྲེམ་སྤེལ་བྱ་འཆར་ཡོད་པ་རེད།།

དཔེ་དེབ་འདིར་ཨ་མི་རི་ཀའི་མཐོ་རིམ་ལས་སྣེ་ཚོས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཆག་སྒོ་སློང་སྲིད་པར་རྟག་ཏུ་འཇིགས་སྣང་བྱེད་ཀྱི་ཡོད་པ་སྟེ། ཕོ་བྲང་དཀར་པོའི་དཔལ་འབྱོར་སློབ་སྟོན་པ་ཟུར་པ་གྷེ་རི་ཁོ་ཧན་གྱིས་ལྷོ་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་ལ་འབྲེལ་བ་ཡོད་པའི་ཡིག་ཆ་ཞིག་སྲིད་འཛིན་གྱི་ཅོག་ཙེའི་ཐོག་ཏུ་བཞག་ཡོད་པ་བླངས་ཏེ་སྦས་སྐུང་བྱས་པ་དང་། ཁོ་པས་འཁྲིས་ཀྱི་གཤམ་འོག་ལས་སྣེ་ཚོར་རྒྱལ་ཁབ་འདིར་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་ཞེས་ཡིག་ཆ་དེ་སྲིད་འཛིན་ཌོ་ནལ་ཊམ་ལ་བསྟན་མེད་ཅིང་། ཨ་རིའི་རྒྱལ་སྲུང་དྲུང་ཆེས་སྲིད་འཛིན་ཌོ་ནལ་ཊོམ་ལ་འཛིན་གྲྭ་ལྔ་པ་དང་དྲུག་པ་ཙམ་གྱི་ཤེས་ཚད་ལས་མི་འདུག་ཅེས་འཕྱ་སྨོད་བྱས་པ། ཕོ་བྲང་དཀར་པོའི་སྤྱི་ཁྱབ་འགན་འཛིན་ཇཱོན་ཁེ་ལིས་སྲིད་འཛིན་ཌོ་ནལ་ཊམ་བླུན་པོ་ཞིག་རེད་ཅེས་ངན་བཤད་ཡོད་པ། ད་དུང་ཕོ་བྲང་དཀར་པོའི་སྤྱི་ཁྱབ་འགན་འཛིན་ཟུར་པ་ཕུ་རི་བྷེས་ཌོ་ནལ་ཊམ་གྱི་ཕོ་བྲང་དཀར་པོ་ནི་སྦྲུལ་དང་བྱི་བ། གླག་དང་རི་བོང་། ཉ་ཆེན་ཤརྐ་དང་མཚོ་གླང་རྣམས་བར་གཅོད་ཀྱི་ལྕགས་དྲྭ་མེད་པར་གཅན་གཟན་ཁང་ཞིག་གི་ནང་དུ་མཉམ་པོར་བཞག་པ་དང་གཅིག་མཚུངས་རེད་ཅེས་བཀྲལ། ཌོ་ནལ་ཊམ་གྱི་ཁྲིམས་རྩོད་པ་ཟུར་པ་ཌོ་ཝུ་ཌེས་སྲིད་འཛིན་ཌོ་ནལ་ཊམ་རྣམ་རིག་གསལ་བོ་མི་འདུག ཁོང་གིས་དམིགས་བསལ་ཞིབ་འཇུག་ཚོགས་ཆུང་གི་མདུན་དུ་དག་སྐྱེལ་བྱ་མི་ཉན། གལ་སྲིད་དག་སྐྱེལ་བྱས་ན་ཌོ་ནལ་ཊམ་གྱིས་སྐད་ཆ་གང་བྱུང་བཤད་ནས་བཙོན་གོས་གྱོན་ཏེ་བཙོན་དུ་ཚུད་ས་རེད་ཅེས་ཉེན་བརྡ་བཏང་འདུག

མདོར་ན་འཇིགས་སྣང་། ཕོ་བྲང་དཀར་པོའི་ཌོ་ནལ་ཊམ་ཞེས་པའི་དཔེ་དེབ་འདིས་བྱང་ཀོ་རི་ཡ་དང་ཨབ་གྷ་ཎི་སི་ཐན། ཨ་རིའི་འབྱོར་ལྡན་ཚོར་དཔྱ་ཁྲལ་བཅགས་པ་དང་ཚོང་ལས་ཀྱི་གྲོས་མཐུན་ཁག་ལ་བརྩི་མེད། སྒོ་ཁྲལ་སྤར་པ་དང་ཨ་མི་རི་ཀ་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་བཀག་འགོག་གི་གྲོས་མཐུན་ཁོངས་ནས་ཕྱིར་འཐེན། ༢༠༡༦་གི་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཨུ་རུ་སུའི་གཞུང་གིས་ཐེ་གཏོགས་བྱས་པ། སྲིད་འཛིན་ཌོ་ནལ་ཊམ་གྱིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་མཐུན་གྲོགས་རྒྱལ་ཁབ་ལ་འབྲེལ་བ་སྡུག་ཏུ་བཏང་བ་སོགས་རྒྱལ་ནང་དང་རྒྱལ་སྤྱིའི་གནད་དོན་ཆེ་ཁག་གང་འདྲ་ཞིག་ལ་ཐུག་ཀྱང་བསམ་བློ་གཟབ་ནན་གཏོང་མི་ཐུབ་པ་དང་གནད་འགག་ངོས་མི་ཟིན་པ། ཌོ་ནལ་ཊམ་ནི་རྫུན་བཤད་པ་དང་གཡོ་ཁྲམ་བྱ་རྒྱུར་ཐེ་ཚོམ་མེད་པ། ཁོ་པ་སྒེར་དོན་འབའ་ཞིག་ལ་དམིགས་པ་གཏོད་པའི་སྲིད་འཛིན་ཞིག་ཡིན་པ་ཐེར་འདོན་བྱས་མོད། འོན་ཀྱང་ཨ་རིའི་རྒྱལ་སྲུང་དྲུང་ཆེ་དང་ཕོ་བྲང་དཀར་པོའི་སྤྱི་ཁྱབ་འགན་འཛིན་གཉིས་ཀྱིས་སྲིད་འཛིན་ཌོ་ནལ་ཊམ་ལ་ཤེས་ཚད་དམའ་བ་དང་བླུན་པོ་རེད་ཅེས་རྒྱབ་ལོག་ནས་ངན་བཤད་གཏན་ནས་བྱས་མྱོང་མེད་ཅེས་དཔེ་དེབ་ནང་དུ་འཁོད་པ་དེར་དགག་པ་བརྒྱབ་འདུག ཉེ་ཆར་ཨ་རིའི་དབུས་ཞིབ་གཅོད་ལྷན་ཁང་གི་འགན་འཛིན་ཟུར་པ་ཇཱེམ་སི་ཁོ་མཱིས་ཀྱང་དཔེ་དེབ་གསར་པ་ཞིག་བརྩམས་ནས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཁྲིམས་འགལ་ཇི་ལྟར་བྱས་པ་དང་རྫུན་ཇི་ལྟར་བཤད་པ། ཨ་རིའི་གཞུང་འབྲེལ་མི་སྣ་ཚོས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལས་ཀྱང་སྲིད་འཛིན་ཌོ་ནལ་ཊོམ་གང་ཟག་ལ་གཞུང་དྲང་བློ་དཀར་བྱ་དགོས་པ་དང་། ཌོ་ནལ་ཊམ་གྱི་ཆབ་སྲིད་སྐྱོང་སྟངས་ཇག་དཔོན་གྱི་འཛིན་སྐྱོང་ལམ་ལུགས་དང་འདྲ་མཚུངས་ཤིག་རེད་ཅེས་དཔེ་དེབ་བརྩམས། ད་ལྟ་ཨ་མི་རི་ཀའི་གསར་འགོད་པ་གྲགས་ཅན་དང་གཟེངས་རྟགས་ལན་འགའ་ཐོབ་པའི་རྩོམ་པ་པོ་བྷོབ་ཝུ་ཌི་ཝར་ཌེས་དཔེ་དེབ་གསར་པ་ཞིག་བརྩམས་ནས་སླར་ཡང་ཌོ་ནལ་ཊམ་གྱིས་བཀྲ་མ་ཤིས་པ་དང་ཁ་ཆག་སྣ་རལ་ཤ་སྟག་བྱེད་ཀྱི་ཡོད་པ་ཐེར་འདོན་བྱས་ཡོད་པ་རེད།།

XS
SM
MD
LG