ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གི་གཅིག་གྱུར་གསར་འགྱུར་འགོ་བརྗོད།


༄༅།། རྒྱ་ནག་གི་གསར་འགྱུར་འགོ་བརྗོད་གཅིག་མཚུངས་དང་ཚགས་པར་སྟེང་དུ་བཀོད་པའི་འདྲ་པར་ཁག་ལ་ཁྱད་པར་མེད་པ། ད་དུང་གསར་འགྱུར་གྱི་བརྗོད་བྱ་རྣམས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་ཇུས་དང་ལྟ་བ། ལངས་ཕྱོགས་བཅས་ལ་འགལ་འཛོལ་མེད་པར་མཐུན་དགོས་པའི་གཅིག་གྱུར་གྱི་སྣང་ཚུལ་ཁྱད་མཚར་ཞིག་འབྱུང་གི་ཡོད་པ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་སྟེ། རྒྱ་ནག་དང་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་གི་ཆེས་མཐོའི་འགོ་ཁྲིད་ཁག་གི་ཚོགས་ཆེན་གྱི་གསར་འགྱུར་སྤེལ་དུས་རྒྱ་ནག་གི་ཚགས་པར་ཆེ་ཁག་བཞིའི་རྩོམ་སྒྲིག་པ་རྣམས་གསར་འགྱུར་ཇི་ལྟར་སྤེལ་དགོས་པ་དང་མཐའ་སྡོམ་ཇི་ལྟར་རྒྱག་དགོས་པར་མགྲིན་དབྱངས་གཅིག་གྱུར་གྱི་གྲོས་འཆམ་བྱུང་ཡོད་པའི་རྣམ་པ་གསལ་བོར་མངོན། མི་དམངས་ཉིན་རེའི་ཚགས་པར་དང་བཅིངས་འགྲོལ་ཉིན་རེའི་ཚགས་པར། དཔལ་འབྱོར་ཉིན་རེའི་ཚགས་པར་དང་ཀྭོང་མིང་ཉིན་རེའི་ཚགས་པར་བཞི་སྟེ། རྒྱ་ནག་གི་ཚགས་པར་ཆེ་ཁག་བཞིས་སྲིད་འཛིན་ཞིས་ཅིན་ཕིང་གིས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་བྱས་པའི་གསར་འགྱུར་གྱི་འགོ་བརྗོད་དང་འདྲ་པར་རྣམས་གཅིག་མཚུངས་བཀོད། ​

རྒྱ་ནག་གི་ཚགས་པར་ཆེ་ཁག་དེ་ཚོས་པེ་ཅིང་ལ་ཕེབས་པའི་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་ཆེ་མཐོང་གཅིག་མཚུངས་ཤིག་སྤྲོད་ཀྱི་ཡོད་པའི་རྣམ་འགྱུར་བསྟན་འདུག གཟའ་ཉི་མར་སྲིད་འཛིན་ཞིས་ཅིན་ཕིང་གིས་

ཨ་ཧྥི་རི་ཀའི་རྒྱལ་ཁབ་གྷ་ན་དང་ཨི་ཇེབ་ཀྱི་སྲིད་འཛིན་གཉིས་ལ་ཐུག་འཕྲད་གྲོས་མོལ་བྱས་པའི་འདྲ་པར་དང་གསར་འགྱུར་གྱི་འགོ་བརྗོད། གསར་འགྱུར་གྱི་སྒྲོམ་གཞི་རྣམས་ཚགས་པར་ཁག་གིས་གཅིག་མཚུངས་བཀོད་ཡོད་པར་མ་ཟད། གཟའ་ཟླ་བའི་ཉིན་རྒྱ་ནག་གི་མི་དམངས་ཉིན་རེའི་ཚགས་པར་དང་བཅིངས་འགྲོལ་ཉིན་རེའི་ཚགས་པར། དཔལ་འབྱོར་ཉིན་རེའི་ཚགས་པར་གསུམ་གྱིས་མདུན་ཤོག་གི་འདྲ་པར་དང་གསར་འགྱུར་གྱི་འགོ་བརྗོད། བརྗོད་བྱ་རྣམས་གཅིག་གྱུར་བཀོད་ཀྱང་ཀྭོང་མིང་ཉིན་རེའི་ཚགས་པར་གཅིག་པུས་སྲིད་འཛིན་ཞིས་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དང་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ལ་ཐུག་འཕྲད་བྱེད་ཀྱི་ཡོད་པའི་འདྲ་པར་འཐོལ་པ་ཞིག་བཀོད་ཡོད་པ་རེད། མི་དམངས་ཉིན་རེའི་ཚགས་པར་ནི་རྒྱ་ནག་དམར་ཤོག་ཚོགས་པས་པར་འགྲེམ་བྱེད་ཀྱི་ཡོད་པ་དང་། དཔལ་འབྱོར་ཉིན་རེའི་ཚགས་པར་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པར་འགྲེམ། བཅིངས་འགྲོལ་ཉིན་རེའི་ཚགས་པར་ནི་རྒྱ་ནག་གི་དམག་གིས་པར་འགྲེམ་བྱེད་ཀྱི་ཡོད་པ་དང་ཀྭོང་མིང་ཉིན་རེའི་ཚགས་པར་རྒྱ་ནག་དམར་ཤོག་ཚོགས་པའི་ཡན་ལག་ཅིག་གིས་ཤེས་ཡོན་ཅན་ཚོར་དམིགས་པའི་ཚགས་པར་ཞིག་ཡིན་ཞིང་། ཧྲང་ཧེ་ཅའོ་ཐུང་སློབ་གྲྭ་ཆེན་མོའི་གསར་འགྱུར་སློབ་གླིང་གི་སློབ་དཔོན་ལས་རོགས་ཝེ་ཝུ་ཧུའི་ཡིས་བཤད་པ་ལྟར་ན་རྒྱ་ནག་སྐམ་ས་ཆེན་མོའི་རྒྱལ་ཡོངས་ཚགས་པར་ཆེ་ཁག་དེ་ཚོའི་མདུན་ཤོག་ལ་འདྲ་པར་དང་འགོ་

བརྗོད་གཅིག་མཚུངས་འགོད་རྒྱུ་འབྱུང་དཀོན། ཚགས་པར་གྱི་མདུན་ཤོག་གི་འདྲ་པར་དང་གསར་འགྱུར་གྱི་འགོ་བརྗོད་རྣམས་གཅིག་གྱུར་བཀོད་པ་དེས་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་དམར་ཤོག་ཚོགས་པའི་སྲིད་ཇུས་དང་ལྟ་བ། ལངས་ཕྱོགས་བཅས་ལ་རྩ་འཛིན་ཚུལ་བཞིན་བྱ་དགོས་པ་དང་རྒྱ་ནག་གི་གསར་འགྱུར་ལས་རིགས་ལ་སྔར་ལས་ལྷག་པའི་དམ་དྲག་ཐེབས་ཀྱི་ཡོད་པ་མཚོན་ཐུབ། རྒྱ་ནག་གི་ཚགས་པར་ཆེ་ཁག་དེ་ཚོས་མང་ཚོགས་ཀྱི་བསམ་ཚུལ་ལ་ཉན་འཇོག་མེད་པར་མི་དམངས་ཉིན་རེའི་ཚགས་པར་གྱི་རྗེས་སུ་འབྲང་རྐྱང་བྱེད་ཀྱིན་འདུག ཚགས་པར་འདི་དག་གི་རྩོམ་སྒྲིག་པ་ཚོས་རང་ལ་ནོར་འཁྲུལ་མི་འབྱུང་རྒྱུ་ཁོ་ན་གཙིགས་སུ་འཛིན་གྱི་འདུག་ཅེས་སྐྱོན་བརྗོད་བྱས་འདུག ཧྲང་ཧེ་གྲོང་ཁྱེར་གྱི་རྩོམ་པ་པོ་ཞིག་གིས་མཁས་པའི་དགོངས་པ་གཅིག་མཚུངས་དང་བླུན་པོ་ཐ་དད་འབྱུང་དཀོན་ཅེས་དབྱིན་སྐད་དུ་རླབས་ཆེན་གྱི་མཁས་པ་ཚོས་དགོངས་པ་གཅིག་མཚུངས་བཞེས་པ་དང་བླུན་པོ་རྣམས་བསམ་བློ་མ་འདྲ་བ་འབྱུང་དཀོན་ཅེས་ཟེར་སྲོལ་ཡོད་པའི་གཏམ་དཔེ་ཞིག་ལུང་དྲངས། རྩོམ་པ་པོ་དེས་ང་ནི་ཀློག་པ་པོ་དཀྱུས་མ་ཞིག་ཡིན། ང་ལ་ཤེས་འདོད་ཡོད་ནི་རྒྱ་ནག་གིས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ལ་དངུལ་སྒོར་ཅི་ཙམ་རོགས་སྐྱོར་སྤྲོད་ཀྱིན་ཡོད་དམ། རྒྱ་ནག་གིས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ལ་རོགས་སྐྱོར་ལས་གཞི་ཅི་ཙམ་གཉེར་གྱིན་ཡོད་དམ། རོགས་སྐྱོར་ལས་གཞི་དེ་ཚོར་རྒྱ་ནག་གིས་ཁྱོན་བསྡོམས་འགྲོ་གྲོན་ཅི་ཙམ་གཏོང་ཡོད་དམ་ཞེས་དོགས་སློང་བྱས་སོ།།

XS
SM
MD
LG