ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཉམས་ཞིབ་པ་གནས་དབྱུང་གཏོང་དགོས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གི་སྐབས་རིམ་གཉིས་པའི་མི་རིགས་སྲིད་ཇུས་ཞེས་པའི་ལྟ་བ་འདོན་མཁན་དང་ཆིན་ཧྭ་སློབ་གྲྭ་ཆེན་མོའི་རྒྱལ་དོན་ཉམས་ཞིབ་ཁང་གི་འགན་འཛིན་ཧུའུ་ཨན་ཀང་གིས་ཉེ་ཆར་རྒྱ་ནག་འཕེལ་རྒྱས་ཕྱིན་པའི་ཚད་གཞི་ནི་ད་ལྟ་ཨ་རི་ལས་ཀྱང་ཡོངས་སུ་བརྒལ་ཡོད་ཅེས་དཔྱད་བརྗོད་ཅིག་སྤེལ་བ་དེའི་རྐྱེན་གྱིས་ལོ་རབས་༨༠་བའི་ནང་དུ་ཉམས་ཞིབ་པ་དེ་དང་མཉམ་དུ་རྒྱ་ནག་གི་ཆིན་ཧྭ་སློབ་གྲྭ་ཆེན་མོར་འགྲིམས་པའི་སློབ་གྲོགས་སྐོར་ཞིག་གིས་ཧུའུ་ཨན་ཀང་རྒྱལ་དོན་ཉམས་ཞིབ་ཁང་གི་འགན་འཛིན་དང་དགེ་རྒན་ཆེན་མོའི་ལས་གནས་ནས་གནས་དབྱུང་གཏོང་དགོས་ཞེས་རྒྱ་ནག་ཆིན་ཧྭ་སློབ་ཆེན་གྱི་སློབ་སྤྱི་ཆུག་ཡུང་གི་མཚན་ཐོག་ཏུ་སྙན་ཞུ་ཕུལ་ནས་འབོད་སྐུལ་ཞུས་འདུག ཧུའུ་ཨན་ཀང་གིས་རྒྱ་ནག་ནི་ཕྱོགས་ཡོངས་ནས་ཨ་མི་རི་ཀ་ལས་བརྒལ་ཡོད་ཅེས་པའི་དཔྱད་བརྗོད་དེ་ཉིད་སྤྱི་ལོ་༢༠༡༧་ལོའི་ཟླ་བ་༦་པའི་ནང་དུ་སྤེལ། ད་ལོའི་སྤྱི་ཟླ་༤་པའི་ནང་དུ་སྔོན་མ་ལས་ཀྱང་མངོན་གསལ་དོད་པོའི་སྒོ་ནས་རྒྱ་ནག་གི་དཔལ་འབྱོར་དང་ཚན་རྩལ། རྒྱལ་ཁབ་ཀྱི་སྟོབས་འབྱོར་སོགས་ལ་ཕྱོགས་གང་ནས་བལྟས་ཀྱང་ཨ་རིི་ལས་ཡོངས་སུ་བརྒལ་འདུག དཔེར་ན་སྤྱི་ལོ་༢༠༡༦་བར་དུ་ལྡབ་གཅིག་ལྷག་བརྒལ་ཡོད། ད་ལྟ་རྒྱ་ནག་གི་སྟོབས་འབྱོར་ནི་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་ཅེས་ཞིབ་འཇུག་གི་དཔྱད་འབྲས་དེ་ཉིད་སྤྱིར་བཏང་གི་རྒྱུན་ཤེས་ཙམ་ལ་ཡང་མི་མཐུན་པས་ཆིན་ཧྭ་སློབ་གྲྭ་ཆེན་མོའི་སྙན་གྲགས་བརླག་རྒྱུ་ཡིན་ཞིང་། གཞན་ཡང་ཧུའུ་ཨན་ཀང་གིས་ཁ་སྟོང་ནང་གི་ཚིག་སྟོང་བཤད་པ་དེ་ལ་བརྟེན་ནས་ཕྱིའི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ལ་དོགས་ཟོན་བྱ་སྲིད། ད་དུང་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཅིག་ལ་འཇིགས་སྣང་སློང་སྲིད་པས་ཧུའུ་ཨན་ཀང་གིས་རྒྱ་ནག་མི་དམངས་ཀྱི་དཔྱ་ཁྲལ་ལས་བྱུང་བའི་སྒོར་མོ་བེད་སྤྱོད་བཏང་ནས་སྤྱིར་བཏང་གི་རྒྱུན་ཤེས་ལའང་མི་འཚམས་པའི་རྒྱ་ནག་གི་འཕེལ་རྒྱས་དེ་ཉིད་ཨ་རི་ལས་ཀྱང་ཡོངས་སུ་བརྒལ་ཡོད་ཅེས་དཔྱད་བརྗོད་སྤེལ་བ་ལུགས་མཐུན་ཞིག་མ་རེད་ཅེས་སྐྱོན་བརྗོད་བྱས་འདུག ཧུའུ་ཨན་ཀང་ནི་རྒྱ་ནག་གི་སྐབས་རིམ་གཉིས་པའི་མི་རིགས་སྲིད་ཇུས་ཞེས་པའི་བློ་འདོན་པ་གཙོ་བོ་ཡིན་ཞིང་། སྐབས་རིམ་གཉིས་པའི་མི་རིགས་སྲིད་ཇུས་ཞེས་པའི་སྲིད་ཇུས་འདིའི་གོ་དོན་ནི་རྒྱ་ནག་ལ་མི་རིགས་མི་འདྲ་བ་ལྔ་བཅུ་ལྔ་དྲུག་ཡོད་པ་རྣམས་ལ་མི་རིགས་ཀྱི་འདུ་ཤེས་མེད་པར་བཏང་ནས་ཀྲུང་ཧྭ་མི་རིགས་ཞེས་པའི་མི་རིགས་གཅིག་གི་འདུ་ཤེས་བསྐྱེད་དུ་འཇུག་དགོས། རྒྱ་ནག་གི་རྒྱལ་ཁོངས་ཡིན་པའི་མི་རིགས་ཚང་མར་ང་ནི་ཀྲུང་ཧྭ་མི་རིགས་ཀྱི་མི་ཞིག་ཡིན་སྙམ་པའི་འདུ་ཤེས་གསར་པ་ཞིག་ངེས་པར་དུ་བསྐྱེད་ཐབས་བྱེད་དུ་བཅུག་ནས་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་མི་རིགས་ཚང་མ་ཀྲུང་ཧྭ་མི་རིགས་ཞེས་པའི་མིང་ཚིག་འོག་ཏུ་གཅིག་གྱུར་འབྱུང་དགོས་ཞེས་འཁོད། ཀྲུང་ཧྭ་མི་རིགས་ཀྱི་རྒྱལ་ཁབ་ཟེར་པར་ངོས་འཛིན་འཐོབ་པའི་ཆེད་དུ་སྲིད་ཇུས་དེ་བཏོན་པ་དང་སྲིད་ཇུས་འདིའི་འོག་ཏུ་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཚུད་ཡོད་པའི་མི་རིགས་གང་ཞིག་ཡིན་རུང་མི་རིགས་སོ་སོར་ལོ་རྒྱུས་ཐོག་ཏུ་དབང་བའི་རང་གི་མངའ་ཁོངས་བདག་འཛིན་གྱིས་འཚོ་བར་རོལ་སྲོལ་ཡོད་པ་རྣམས་སྐྱེལ་མི་ཆོག་པའི་སྲིད་ཇུས་ཤིག་ཡིན་པར་མ་ཟད། སྲིད་ཇུས་འདི་ཆིན་ཧྭ་སློབ་གྲྭ་ཆེན་མོའི་རྒྱལ་དོན་ཉམས་ཞིབ་ཁང་གི་འགན་འཛིན་ཧུའུ་ཨན་ཀང་གིས་བློ་འདོན་གྱིས་པེ་ཅིན་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་རིག་པའི་དགེ་རྒན་ཆེན་མོ་མ་རོང་གིས་བཏོན་པའི་སྲིད་ཇུས་ཞིག་ཡིན་ཞིང་། སྲིད་ཇུས་འདིར་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཕྱོགས་གསུམ་ནས་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཚུད་པའི་མི་རིགས་ཚང་མར་ཀྲུང་ཧྭ་མི་རིགས་ཀྱི་རྒྱལ་ཁབ་ཅེས་པའི་འདུ་ཤེས་འཕེལ་ཐབས་བྱ་དགོས་པ་སྟེ། ཆབ་སྲིད་ཀྱི་དོན་དུ་ཁྲིམས་ཀྱི་མདུན་སར་མི་ཚང་མ་འདྲ་མཉམ་ཡིན་ཞེས་བརྗོད་ནས་མི་རིགས་ཚང་མར་སྐྱེ་སྒོ་འགོག་པའི་སྲིད་ཇུས་གཅིག་མཚུངས་ཤིག་ངང་གིས་ལག་ལེན་བསྟར་རྒྱུ་དང་དཔལ་འབྱོར་གྱི་ངོས་ནས་མི་རིགས་ཕན་ཚུན་ལ་དཔལ་འབྱོར་དར་སྤེལ་གཏོང་རྒྱུ་ཤུགས་ཆེ་རུ་བཏང་ནས་མི་རིགས་སོ་སོའི་མི་རྣམས་མཉམ་འདྲེས་ཀྱིས་འཚོ་སྡོད་བྱེད་དུ་འཇུག་རྒྱུ། རིག་གནས་ཀྱི་ངོས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་སྟོན་འོག་ཏུ་མི་རིགས་སོ་སོའི་རིག་གནས་ལ་བཅོས་སྒྱུར་བྱ་རྒྱུ། རྒྱ་ཡིག་རྒྱ་སྐད་བཙན་ཐབས་ཀྱིས་དར་སྤེལ་གཏོང་རྒྱུ་སོགས་འདུས། དེར་བརྟེན་དཔྱད་བརྗོད་པ་མང་པོ་ཞིག་གིས་སྐབས་རིམ་གཉིས་པའི་མི་རིགས་སྲིད་ཇུས་ཞེས་པ་ནི་རྒྱ་ནག་གིས་བོད་དང་ཞིན་ཅང་གཙོས་གྲངས་ཉུང་མི་རིགས་ཁག་རྩ་མེད་གཏོང་རྒྱུའི་འཆར་གཞི་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱིན་འདུག་ལ། རྒྱ་ནག་གཞུང་གིས་ཨུ་རུ་སུ་དམར་ཤོག་མནའ་འབྲེལ་རྒྱལ་ཁབ་ཀྱི་མི་རིགས་ཁག་ལ་ས་གནས་རང་སྐྱོང་གི་སྲིད་ཇུས་ལག་ལེན་བསྟར་པར་སྐབས་རིམ་དང་པོའི་མི་རིགས་སྲིད་ཇུས་དང་། ཧུའུ་ཨན་ཀང་སོགས་ཀྱིས་བཏོན་པའི་སྲིད་ཇུས་འདིར་སྐབས་རིམ་གཉིས་པའི་མི་རིགས་སྲིད་ཇུས་ཞེས་འབོད་ཀྱིན་ཡོད་པ་རེད།།


XS
SM
MD
LG