ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཨ་རི་དང་བྱང་ཀོ་རི་ཡ། ལྷོ་ཤར་ཨེ་ཤེ་ཡ།


༄༅།། ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུའི་གྲོས་མོལ་དང་། ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་གི་ཡོད་ཀྱང་ཨ་རིའི་ཕྱི་སྲིད་དྲུང་ཆེས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་སྔར་བཞིན་བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་རྒྱུན་འཁྱོངས་བྱ་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་རྡོ་སྣུམ་བཙོང་མི་ཆོག་པའི་བཀག་སྡོམ་བྱས་མིན་ལ་མ་ལྟོས་པར་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་བྱང་ཀོ་རི་ཡར་རྡོ་སྣུམ་བཙོང་གི་ཡོད་པའི་གནས་ཚུལ་ཐོན་བཞིན་པར་ཨ་མི་རི་ཀར་བློ་འཚབ་ཡོད་ཅེས་བཤད་ཡོད་ཅིང་། གཟའ་འཁོར་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིངྒ་པུར་དང་ཨིན་རྡུ་ནེ་ཤི་ཡ། མ་ལེ་ཤི་ཡ་བཅས་ལ་འཚམས་འདྲིར་ཕེབས་ནས་ཨ་མི་རི་ཀ་དང་ལྷོ་ཤར་ཨེ་སི་ཡའི་རྒྱལ་ཁབ་ཁག་གི་འབྲེལ་བ་ཡར་རྒྱས་གཏོང་འཆར་ཡོད་རུང་། ཐེངས་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེས་བྱང་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་ཚོར་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་མེད་གསལ་བོ་མེད་པ་དང་བྱང་ཀོ་རི་ཡ་རྒྱལ་ཁབ་༢༧་ལས་གྲུབ་པའི་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ལ་མཉམ་ཞུགས་བྱ་འཆར་འདུག་ཅེས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་ཚོས་ངེས་གཏན་བྱས་འདུག

ཉེ་བའི་ཟླ་ཤས་ཤིག་ནས་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་དམག་སྤྱི་ཚོར་ཐུག་འཕྲད་བྱས་ནས་ཕྱོགས་གཉིས་ཀྱི་ས་མཚམས་སུ་ཞི་བདེ་བསྐྲུན་ནས་ཛ་དྲག་ཆུང་དུ་གཏོང་རྒྱུ། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་ས་མཚམས་སུ་འགྲེམ་འཇོག་བྱེད་ཡོད་པའི་དམག་དཔུང་ཉུང་དུ་གཏོང་རྒྱུའི་གྲོས་བསྡུར་བྱེད་ཀྱི་ཡོད་པ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་བྱས་པ་དང་དེའི་སྲིད་རྗེས་སུ་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་ལ་ཐུག་འཕྲད་བྱས་པ་སོགས་ཨ་མི་རི་ཀའི་ཕྱི་འབྲེལ་སྲིད་ཇུས་ལ་དགོས་ངེས་ཤིག་ཡིན་ཞེས་ཨ་རིའི་ཕྱི་སྲིད་དྲུང་ཆེས་གྲོས་ཚོགས་གོང་མའི་ཉན་ཞིབ་ཚོགས་འདུ་ཞིག་ཏུ་དག་སྐྱེལ་བྱས་མོད། འོན་ཀྱང་ཨ་རིའི་ཕྱི་སྲིད་དྲུང་ཆེས་བྱང་ཀོ་རི་ཡས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོང་ལས་བཀག་སྡོམ་གྲོས་ཆོད་ལ་བརྩི་མེད་བཏང་ནས་རྡོ་སྣུམ་ཉོ་སྒྲུབ་བྱེད་ཀྱི་ཡོད་པར་འགོག་ཐབས་བྱ་འཆར་ཡོད་པ་སྟེ། ང་ཚོས་ལྷོ་ཤར་ཨེ་ཤི་ཡའི་འབྲེལ་ཡོད་རྒྱལ་ཁབ་ཚང་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གིས་བཞག་པའི་གྲོས་ཆོད་ལ་རྩ་འཛིན་བྱ་དགོས་པའི་ལས་འགན་ཡོད་པ་དྲན་སྐུལ་བྱ་འཆར་ཡོད་ཅེས་བཤད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་དེར་ལོ་ལྟར་བྱང་ཀོ་རི་ཡས་རྡོ་སྣུམ་ལྕགས་ཟོམ་ས་ཡ་༤་ལས་ནང་འདྲེན་བྱེད་ཆོག་གི་མེད་ཀྱང་ཕྱི་ཟླ་༦་ཚེས་༡༢་ཉིན་ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་སིངྒ་པར་དུ་ཐུག་འཕྲད་གྲོས་མོལ་བྱུང་བའི་རྗེས་སུ་བྱང་ཀོ་རི་ཡར་རྡོ་སྣུམ་བཙོང་མི་ཆོག་པའི་བཀག་སྡོམ་ལག་ལེན་ནན་པོ་ཞིག་བསྟར་གྱི་མེད་པ་རེད། ད་དུང་ཨ་མི་རི་ཀའི་འཁོར་སྐར་གྱིས་འདྲ་པར་བླངས་པར་གཞིགས་ན་བྱང་ཀོ་རི་ཡའི་མེ་ཤུགས་འཕུལ་མདེལ་གྱི་ལས་གྲྭ་རྒྱ་བསྐྱེད་པ་དང་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་གསར་པ་ཁག་ཅིག་བཟོ་སྐྲུན་བྱེད་བཞིན་ཡོད་པའི་རྟགས་མཚན་འདུག་ཀྱང་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་དེ་ལ་ཐད་ཀར་འགྲེལ་བཤད་གང་ཡང་བརྒྱབ་མེད་པ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེས་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་གསར་བཟོ་བྱེད་ཀྱི་ཡོད་པ་ཡིན་ན་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་པའི་གྲོས་མཐུན་བཞག་པའི་དགོངས་དོན་ལ་རྒྱབ་འགལ་རེད་ཅེས་བཤད་འདུག

XS
SM
MD
LG